ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

བྱིས་པ་མནར་མར་འབམ་ཚོང་།


༄༅།། དེང་སྐབས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ལྷོ་སུ་དན་གྱི་ས་གནས་ཤིག་ཏུ་བུ་མོ་ལོ་ན་༡༦་ཅན་ཞིག་དང་ལོ་ན་༡༡་ཅན་ཞིག་ངོ་དེབ་ནང་དུ་མནའ་མར་འབམ་ཚོང་བྱས་ཡོད་པའི་གནས་ཚུལ་ཐོན། རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་སྒྲིག་འཛུགས་ཀྱིས་ངོ་དེབ་དྲྭ་ལས་ཁང་གིས་རང་གི་དྲྭ་ལམ་དུ་བྱིས་པ་མནའ་མར་འཚོང་བའི་འབམ་ཚོང་བྱེད་དུ་འཇུག་གི་ཡོད་པར་སྐྱོན་བརྗོད་དྲག་པོ་དང་ལྷོ་སུ་དན་གཞུང་གིས་བྱིས་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་དུ་འཇུག་གི་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། བུ་མོ་ལོ་ན་༡༦་ཅན་ཞིག་གི་ཨ་ཕས་ངོ་དེབ་ནང་དུ་རང་གི་བུ་མོར་སུས་ནུ་རིན་མང་བ་སྟེར་ན་མི་དེར་བུ་མོ་མནའ་མར་བཙོང་ཆོག་ཅེས་འབམ་ཚོང་གི་དྲིལ་བསྒྲགས་སྤེལ། བུ་མོ་ལོ་ན་༡༡་ཅན་ཞིག་རང་གི་ཁྱོ་ག་ལོ་ན་༣༨་ལ་སོན་པ་ཞིག་དང་བཟའ་ཚང་ཁ་འཐོར་ཏེ་མི་གཞན་ཞིག་ལ་མནའ་མར་བཙོང་རྒྱུ་ཡིན་ཞེས་ངོ་དེབ་ནང་དུ་ཨ་མས་འབམ་ཚོང་གི་དྲིལ་བསྒྲགས་སྤེལ་འདུག

ངོ་དེབ་དྲྭ་ལས་ཁང་གིས་བུ་མོ་མནའ་མར་བཙོངས་ནས་ཁྲིམས་འགལ་གྱི་འབམ་ཚོང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་མ་ཐག་ཏུ་དྲྭ་ལམ་གྱི་བརྙན་གཟུགས་རྣམས་ནག་སུབ་བྱས་པ་ཡིན། འོན་ཀྱང་སྟབས་མ་ལེགས་ཞིག་ལ་ང་ཚོས་ཤེས་རྟོགས་བྱུང་དུས་བུ་མོ་ལོ་ན་༡༦་ཅན་དེ་འབམ་ཚོང་བྱས་ནས་གཉེན་སྒྲིག་ཟིན་འདུག ངོ་དེབ་དྲྭ་ལམ་དུ་འགྲོ་བ་མི་ནག་ཚོང་གི་རིགས་མཐའ་དག་སྟེ། ངོ་དེབ་ཏུ་དྲིལ་བསྒྲགས་སྤེལ་བ་དང་པར་ངོས་སྒྲིག་བཟོ། པར་རིས་འགྲེམ་སྤེལ་བྱས་པ་དང་ཚོགས་པ་བཙུགས་ནས་འགྲོ་བ་མི་ནག་ཚོང་བྱེད་པ་སོགས་ཁྲིམས་འགལ་གྱི་ལས་དོན་ཅི་ཡང་སྤེལ་མི་ཆོག ང་ཚོས་བརྙན་གཟུགས་དེ་རྣམས་གཏན་དུ་ནག་སུབ་བྱས་ནས་འབྲེལ་ཡོད་དོ་བདག་ཁག་གི་ངོ་དེབ་ཀྱི་ཁ་བྱང་རྣམས་གཏན་འགོག་བྱས་ཡོད། ངོ་དེབ་དྲྭ་ལས་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་ཞིབ་འཇུག་བྱས་ནས་ང་ཚོའི་སྒྲིག་གཞི་ལ་རྒྱབ་འགལ་བྱེད་མཁན་རྣམས་ངོ་དེབ་ནང་ནས་ཕྱི་ལ་ཕུད་ཀྱིན་ཡོད། ད་ལྟ་ངོ་དེབ་དྲྭ་ལས་ཁང་ལ་དྲྭ་ལམ་གྱི་བདེ་འཇགས་དོ་དམ་པ་མི་གྲངས་༣༠༠༠༠་ཙམ་ཡོད་ཅེས་གནས་ཚུལ་སྤེལ་འདུག

རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན་བུ་མོ་ལོ་ན་༡༡་ཅན་དེར་སྐྱེས་པ་ལྔས་རིན་གོང་སྤར་འགྲན་བྱས་ནས་འབམ་ཚོང་བྱེད་ཀྱི་ཡོད་པར་མ་ཟད། འབམ་ཚོང་ཁོངས་སུ་འགྲན་ཞུགས་བྱེད་མཁན་སྐྱེས་པ་ཁག་ཅིག་ལྷོ་སུ་དན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་འགའ་ཡིན་པས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ལྷོ་སུ་དན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བློ་འཚབ་ཆེན་པོ་ཡོད། ད་ལྟའི་དུས་འདིར་འཛམ་གླིང་གི་སྤྱི་ཚོགས་དྲྭ་ལམ་ཆེ་ཤོས་ངོ་དེབ་དྲྭ་བར་བུ་མོ་མནའ་མར་བཙོངས་ནས་འབམ་ཚོང་རྒྱག་ཐུབ་ཀྱི་ཡོད་པ་ནི་མིའི་བསམ་ཡུལ་ལས་འདས། དེང་རབས་ཅན་གྱི་འཕྲུལ་ཆས་བཀོལ་སྤྱོད་བྱས་ནས་འགྲོ་བ་མི་ནག་ཚོང་རྒྱག་གི་ཡོད་པ་ནི་ཀླ་ཀློའི་བྱ་སྤྱོད་ཅིག་དང་ཞེ་མེར་དགོས་པ། སྔོན་ཆད་བྲན་གཡོག་ཉོ་ཚོང་བྱས་པ་དྲན་སློང་བྱེད་སྤྱད་ཅིག་རེད་ཅེས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་སྒྲིག་འཛུགས་ཀྱི་འགན་འཛིན་འཇོར་ཇི་ཨོ་ཏིམ་གྱིས་བཤད་འདུག བུ་མོ་ལོ་ན་༡༦་ཅན་དེའི་ཨ་ཕར་བུ་མོའི་ནུ་རིན་ལ་བ་མོ་༥༠༠་དང་རླངས་འཁོར་གསུམ། ཨ་སྒོར་༡༠༠༠༠་བཅས་ཐོབ་ཡོད་པས་ཁྱིམ་ཚང་གཞན་གྱི་ཕ་མ་ཚོས་ཀྱང་རང་གི་བུ་མོའི་བརྙན་གཟུགས་རྣམས་དྲྭ་ལམ་དུ་བཞག་ནས་མནའ་མར་འབམ་ཚོང་རྒྱག་སྲིད་པའི་མིག་དཔེ་ངན་པ་ཞིག་གཏད་འདུག

རྒྱལ་སྤྱིའི་ཕོ་མོ་འདྲ་མཉམ་ཐོབ་ཐང་ཚོགས་པས་ངོ་དེབ་དྲྭ་ལས་ཁང་ལ་འགྲོ་བ་མི་ནག་ཚོང་གི་རིགས་རྣམས་འཕྲལ་དུ་བཀག་འགོག་བྱེད་ཐུབ་པའི་མཉེན་ཆས་གསར་གཏོད་བྱ་དགོས། ལྷོ་སུ་དན་གྱི་ས་ཐོག་ཏུ་བུད་མེད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་རྒྱུ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་ངོ་དེབ་དྲྭ་ལམ་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་རྒྱུ་སྟབས་བདེ་རུ་གཏོང་གི་འདུག དེར་བརྟེན་ངོ་དེབ་དྲྭ་ལས་ཁང་གིས་རང་གི་མཉེན་ཆས་ཀྱི་མ་ལག་རྣམས་ཡར་རྒྱས་བཏང་ནས་ཁྲིམས་འགལ་གྱི་ནག་ཚོང་རྣམས་བཀག་སྡོམ་བྱ་དགོས། ངོ་དེབ་དྲྭ་ལས་ཁང་གིས་བུད་མེད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས་པའི་རྩ་དོན་གོང་བཀུར་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན་ལྷོ་སུ་དན་གྱི་བྱིས་པ་བུ་མོ་བརྒྱ་ཆ་༥༢་ཡས་མས་ཤིག་རང་ལོ་༡༨་ལ་མ་སོན་སྔོན་དུ་ཕ་མས་བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་དུ་འཇུག་གི་ཡོད་པ་དང་། བྱིས་པ་ལོ་ཆུང་གཉེན་སྒྲིག་བྱེད་དུ་འཇུག་གི་ཡོད་པ་ནི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ལྷོ་སུ་དན་གཅིག་པུ་མིན་པར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཕལ་ཆེ་བ་དང་རྒྱ་གར། བྷང་ག་ལ་སོགས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཀྱང་ཚུད་འདུག

XS
SM
MD
LG