ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

རྒྱ་གར་ནས་བལ་ཡུལ་ལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། རྒྱ་གར་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱི་དབར་དུ་འགྲུལ་སྐྱེལ་མེ་འཁོར་ལྕགས་ལམ་གྱི་མཐུན་རྐྱེན་འདི་ལོའི་ཟླ་བ་བཅུ་གཉིས་པར་འགོ་འཛུགས་རྒྱུའི་འཆར་གཞི་ཡོད་ཅིང་། མེ་འཁོར་ལྕགས་ལམ་དེ་ནི་རྒྱ་གར་གྱི་བྱང་ཤར་མངའ་སྡེ་བྷི་ཧར་གྱི་ཇ་ཡ་ན་གྷར་གྲོང་རྡལ་ནས་བལ་ཡུལ་གྱི་ལྷོ་ཤར་ཕྱོགས་སུ་ཆགས་པའི་ཇ་ནག་པུར་གྱི་ཀུར་ཐ་ས་གནས་བར་དུ་རྒྱང་ཁེ་སྤྱི་ལེ་༣༤་ཡོད་པ་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་པ་རེད།

བལ་ཡུལ་གྱི་ཇ་ནག་པུར་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་སུ་ཕྱི་མི་གནས་སྤོར་ལས་ཁུངས་བརྒྱུད་ནས་འགྲུལ་པ་རྣམས་དེབ་སྐྱེལ་དང་ཆོག་མཆན་སྤྲོད་རྒྱུ་ཡིན་པར་མ་ཟད། མེ་འཁོར་ལྕགས་ལམ་གྱི་འགྲིམ་འགྲུལ་བརྒྱུད་ནས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་བརྒལ་ན་ཕྱོགས་གཉིས་ཀྱི་སྤྱི་དམངས་ལ་ཐོངས་ཆེན་ཞུ་མི་དགོས་པའི་གྲོས་མཐུན་བྱུང་ཞིང་། ཐོག་མར་ལྕགས་ལམ་དེ་འགྲུལ་སྐྱེལ་མེ་འཁོར་ནས་འགོ་ཚུགས་རྒྱུ་ཡིན་པ་དང་། དེ་ནས་བལ་ཡུལ་ཕྱོགས་ནས་རིམ་བཞིན་འགྲུལ་པ་སྐྱེལ་འདྲེན་དང་དངོས་ཟོག་སྐྱེལ་འདྲེན་བྱ་འཆར་ཡོད་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ་མེ་འཁོར་ལྕགས་ལམ་ལས་ཁུངས་ཀྱི་གསར་འགྱུར་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན་བལ་ཡུལ་ལ་མཁོ་བའི་མེ་འཁོར་གྱི་མཐུན་རྐྱེན་དང་ཞབས་ཞུའི་མེ་འཁོར་ཁང་མིག་རྣམས་རྒྱ་གར་ནས་བོག་མར་ལེན་རྒྱུ། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་བལ་ཡུལ་གཞུང་གི་བློན་ཆེན་རིམ་པ་དང་འབྲེལ་ཡོད་བཟོ་ཚོང་ལས་ཁང་སོགས་ལ་མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེར་མཉམ་འབྲེལ་ཚོགས་འདུ་ཚོགས་ཡོད་ཅེས་བརྗོད་འདུག

བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་ནས་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་རཀ་སོལ་གྲོང་རྡལ་བར་གྱི་མེ་འཁོར་ལྕགས་ལམ་གཙོས་རྒྱ་གར་དང་བལ་ཡུལ་དབར་དུ་མེ་འཁོར་ལྕགས་ལམ་ཁག་བཞི་འཛུགས་འཆར་ཡོད་པ་དང་། རྒྱ་གར་དང་བལ་ཡུལ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱ་ནག་གིས་བོད་ནས་བལ་ཡུལ་གྱི་རྒྱལ་ས་བར་དུ་མེ་འཁོར་ལྕགས་ལམ་འཛུགས་རྒྱུའི་འཆར་གཞི་ཡོད་པར་ཁ་གཏད་གཅོག་པའི་ཆེད་དུ་ཡིན་པ་མཚོན་ཐུབ། རྒྱ་ནག་གིས་བལ་བོད་ས་མཚམས་ཀྱི་སྐྱིད་གྲོང་ནས་བལ་ཡུལ་གྱི་རྒྱལ་ས་བར་དུ་རྒྱང་ཐག་སྤྱི་ལེ་༧༠་ལྷག་ཡོད་པའི་མེ་འཁོར་ལམ་ཞིག་འཛུགས་སྐྲུན་བྱ་རྒྱུ་ལག་བསྟར་ཐུབ་མིན་གྱི་ཞིབ་འཇུག་བྱས་ཚར་ཡོད་པས། དེ་ནི་ས་མཐོའི་ཧི་མ་ལ་ཡའི་རི་རྒྱུད་དུ་རྨང་གཞིའི་འཛུགས་སྐྲུན་གྱི་དམིགས་ཚད་མཐོ་ཤོས་སུ་གྱུར་འདུག


རྒྱ་གར་གྱི་བྷི་ཧར་མངའ་སྡེའི་རཀ་སོལ་གྲོང་རྡལ་ནས་བལ་ཡུལ་གྱི་རྒྱལ་སའི་བར་དུ་མེ་འཁོར་ལྕགས་ལམ་གྱི་འབྲེལ་བ་མཐུད་པའི་རྗེས་སུ་འགྲུལ་སྐྱེལ་དང་དངོས་ཟོག་དབོར་འདྲེན་གྱི་མཐུན་རྐྱེན་ཇེ་ལེགས་སུ་འགྲོ་རྒྱུ་ཡིན་པས། བྷི་ཧར་གྱི་གྲོང་རྡལ་དེ་ནི་དངོས་ཟོག་་སྐྱེལ་འདྲེན་མང་ཤོས་ཡོད་ས་ཞིག་དང་མེ་འཁོར་འབབ་ཚུགས་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་སྟེ། གྲོང་རྡལ་དེ་ནས་བལ་ཡུལ་ལ་ས་ཐོག་གི་ཚོང་ལས་གསུམ་ཆའི་གཉིས་སྐྱེལ་འདྲེན་བྱེད་ཡོད་པ་རེད།།

XS
SM
MD
LG