ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཝྭེ་ནེ་ཛུ་ལའི་ཐོབ་དཔང་གསར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལ་མི་དམངས་ལ་ཐོབ་ཐང་ལག་འཁྱེར་རམ། ཐོབ་དཔང་གསར་པ་ཞིག་བཟོས་ཡོད་པའི་ཁྱབ་བསྒྲགས་བྱས་ཀྱང་གསར་དུ་བཟོས་པའི་ཐོབ་དཔང་དེ་ནི་རྒྱ་ནག་གི་ཧྲིན་ཀྲིན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཀྲུང་ཞིན་བཟོ་ཚོང་ཁང་གིས་བཟོས་པ་ཞིག་ཡིན་འདུག

ད་ལྟ་རྒྱ་ནག་གིས་ཝྭེ་ནེ་ཛུ་ལ་རྒྱལ་ཁབ་ལའང་རྒྱ་ནག་རང་གི་ཐོབ་དཔང་སོགས་བརྒྱུད་ནས་མི་དམངས་ཀྱི་རང་དབང་ལ་ཚོད་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་ཅིང་། ཉེ་ཆར་ཝྭེ་ནེ་ཛུ་ལའི་སྲིད་འཛིན་མ་དྷུ་རས་ཐོབ་ཐང་ལག་འཁྱེར་གསར་པ་འདི་ནི་ང་ཚོར་གནམ་གྱིས་གནང་བའི་ལེགས་སྐྱེས་ཆེན་པོ་ཞིག་ཡིན། ཐོབ་དཔང་འདི་ཡོད་ན་རྒྱལ་ཁབ་འདིའི་ནང་གི་བྱ་བ་ཡོད་ཚད་སྒྲུབ་ཐུབ་ཅེས་བསྒྲགས།

གསར་དུ་བཟོས་པའི་ཐོབ་དཔང་འདི་ཡོད་ན་རླངས་འཁོར་གྱི་སྣུམ་རིན་གཅོག་གི་ཡོད་པར་མ་ཟད། ཟ་མའི་ཁ་སྣོན་དང་སྨན་བཅོས་འགན་སྲུང་སོགས་ལའང་དམིགས་བསལ་གྱི་ཁེ་ཕན་ཐོབ་ཀྱི་ཡོད་ཅིང་། དེ་དང་བསྟུན་ནས་ཝྭེ་ནེ་ཛུ་ལའི་མི་དམངས་ཀྱི་ཉི་མ་རེ་རེའི་འགྲོ་འདུག་སྤྱོད་གསུམ་ལ་གཞུང་གིས་ལྐོག་བལྟ་དང་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་པས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་གིས་ཝྭེ་ནེ་ཛུ་ལ་རྒྱལ་ཁབ་ལའང་རྒྱ་ནག་ལྟར་དེང་རབས་ཀྱི་ཚན་རྩལ་བརྒྱུད་ནས་མི་དམངས་ཀྱི་འཚོ་བར་སྟངས་འཛིན་བྱ་ཐབས་བྱེད་པའི་མ་ལག་ཆེན་པོ་ཞིག་བཙུགས་འདུག་ཅེས་གནས་ཚུལ་ཐོན། དེའི་རྒྱུ་མཚན་ནི་ཐོབ་ཐང་ལག་འཁྱེར་གསར་པ་དེ་རྒྱ་ནག་གི་སྤྱི་ཚོགས་ཡིད་རྟོན་མ་ལག་ལ་དཔེ་བལྟས་ནས་བཟོས་པ་ཞིག་ཡིན་པས། འདིའི་ནང་དུ་སྤྱི་དམངས་རེ་རེའི་བཟའ་མིའི་གནས་ཚུལ་གསལ་བོར་བཀོད་དེ་ཁྱིམ་མི་ཚོའི་ལས་ཀ་བྱ་ཡུལ་དང་དཔལ་འབྱོར་ཡོང་འབབ་ཅི་ཙམ་ཡོད་མེད། མི་སྒེར་ལ་དབང་བའི་རྒྱུ་ནོར་ཅི་ཙམ་ཡོད་མེད། མི་སྒེར་པའི་ལུས་པོའི་བདེ་ཐང་གི་གནས་ཚུལ་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱའི་ཁ་བྱང་། ཆབ་སྲིད་ཚོགས་པ་གང་གི་ཁོངས་སུ་གཏོགས་མིན། འོས་ཤོག་འཕངས་ཡོད་མེད་སོགས་མི་སྒེར་པའི་ལོ་རྒྱུས་སྣ་ཚོགས་ཤིག་ཐོབ་དཔང་དུ་འཁོད་ཡོད་པ་རེད།

སྤྱི་ལོ་༢༠༠༨་ནས་བཟུང་སྟེ་ཝྭེ་ནེ་ཛུ་ལའི་སྲིད་འཛིན་གྱིས་ཆེད་དུ་གཉེར་ནས་རྒྱ་ནག་ལ་མི་མངགས་ཏེ་རྒྱ་ནག་གི་ཐོབ་ཐང་ལག་འཁྱེར་གྱི་མ་ལག་ཁག་ལ་སློབ་སྦྱོང་བྱས་ཤིང་། རྗེས་སུ་རྒྱ་ནག་གི་ལག་ཁྱེར་ཆུང་ཆུང་འདིས་མི་རེ་རའི་ལུས་པོའི་ཐོབ་ཐང་ངོས་འཛིན་བྱེད་ཐུབ་པ་ཁོ་ན་མིན་ཞིང་། ད་དུང་ཐོབ་དབང་འདི་སྤྱད་ནས་པེ་ཅིང་གཞུང་གིས་མི་རེ་རེའི་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་སོགས་ལ་འབྲེལ་བའི་བྱེད་སྒོ་ཚང་མར་སྟངས་འཛིན་བྱེད་ཐུབ་པ་དང་། འདི་སྤྱད་ནས་གཞུང་གི་ཁ་ལ་ཉན་མཁན་ལ་བྱ་དགའ་དང་གཞུང་ལ་མི་བསྟུན་མཁན་ལ་ཉེས་ཆད་གཅོད་ཐུབ། དེར་བརྟེན་ཝྭེ་ནེ་ཛུ་ལ་རྒྱལ་ཁབ་ལ་ལག་འཁྱེར་འདི་བཟོ་རྒྱུར་ཐབས་ཤེས་མང་པོ་བྱས་ཏེ་མཐའ་མ་ལག་བསྟར་ཐུབ་འདུག

སྤྱི་ལོ་༢༠༡༦་ལོའི་ཟླ་བ་༡༢་པ་ནས་བཟུང་ཝྭེ་ནེ་ཛུ་ལའི་གཞུང་གིས་ལག་འཁྱེར་འདི་རིན་མེད་ཀྱིས་བཟོ་རུ་བཅུག་ཅིང་། ད་ལྟ་བསྡོམས་རྩིས་བྱས་ན་རྒྱལ་ཁབ་ཡོངས་སུ་མི་ཁྲི་ཆིག་སྟོང་བརྒྱད་བརྒྱ་ཡིས་ཐོབ་དཔང་འདི་བཟོས་ཡོད་པ་རེད། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་ཡིས་ཊོས་ཊར་བརྒྱུད་ལམ་དུ་བརྗོད་དོན། དཔང་ཐོབ་འདིས་གོ་ལའི་ནུབ་རྒྱུད་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་ལ་ཉེན་བརྡ་ཞིག་བཏང་འདུག སྲིད་དབང་སྒེར་གཅོད་ཅན་གྱི་རྒྱ་ནག་གཞུང་གིས་རྒྱུ་ནོར་དང་ཆབ་སྲིད་ཀྱི་དམིགས་ཡུལ་གཅིག་པུ་མ་ཡིན་པར་ཀྲུང་ཞིན་ཚན་རྩལ་བརྒྱུད་ནས་ཝྭེ་ནེ་ཛུ་ལའི་སྲིད་འཛིན་ལ་དཀའ་ངལ་འོག་ཏུ་ཚུད་པའི་རྒྱལ་ཁབ་དེའི་མི་དམངས་ལ་མུ་མཐུད་དུ་མགོ་སྐོར་གཏོང་རོགས་བྱེད་ཀྱི་འདུག་ཅེས་བཤད་དོ།།

XS
SM
MD
LG