ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་ཡུ་རོབ་མཉམ་འབྲེལ་ཁོངས་ནས་དབྱིན་ཇི་ཕྱིར་འཐེན་བྱེད་ཆོག་པའི་མཐའ་མའི་གྲོས་མཐུན་གྱི་ཟིན་བྲིས་ཤིག་གཏན་འབེབས་བྱུང་། གྲོས་མཐུན་གྱི་ཟིན་བྲིས་དེར་ཡུ་རོབ་མཉམ་འབྲེལ་གྱི་དགོས་འདུན་ཕལ་ཆེ་བ་གྲུབ་ཡོད་པ་དང་དབྱིན་གཞུང་གི་དགོས་འདུན་མང་ཆེ་བ་གྲུབ་མེད་ཅིང་། དབྱིན་ཇིའི་སྲིད་བློན་ཊེ་རི་ས་མཱེའི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་གྲོས་མཐུན་དེའི་ཟིན་བྲིས་ལ་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་ཚེས་༡༤་ཉིན་དབྱིན་ཇིའི་བློན་ཆེན་ཚོར་གྲོས་མཐུན་གྱི་ཟིན་བྲིས་སྒྲོགས་སྦྱང་ཞུ། དེ་ནས་དབྱིན་ཇིའི་གྲོས་ཚོགས་སུ་གྲོས་མཐུན་གྱི་ཟིན་བྲིས་ལ་བགྲོ་གླེང་བྱེད་དུ་འཇུག་འཆར་ཡོད་ཀྱང་དབྱིན་ཇིའི་གྲོས་ཚོགས་ཀྱི་ལྟ་བ་མཁྲེགས་འཛིན་ཅན་ཚོས་སྲིད་བློན་ཊེ་རི་ས་མཱེ་དང་ཡུ་རོབ་མཉམ་འབྲེལ་གྱིས་གཏན་འབེབས་བྱུང་བའི་གྲོས་མཐུན་གྱི་ཟིན་བྲིས་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། དབྱིན་ཇིའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་དབྱིན་གཞུང་གིས་བཏོན་པའི་ཆ་རྐྱེན་ཁག་མ་གྲུབ་ན་དབྱིན་ཇིའི་གཞུང་གིས་ཡུ་རོབ་མཉམ་ལ་གྲོས་མཐུན་མ་བཞག་པར་སྒྲིག་འཛུགས་དེའི་ཁོངས་ནས་ཕྱིར་ཐོན་བྱ་དགོས་ཞེས་སྲིད་བློན་ཊེ་རི་ས་མཱེ་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།

གལ་ཏེ་སྲིད་བློན་ཊེ་རི་སི་མཱེས་རང་གི་བློན་ཆེན་ཚོར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ཀྱི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་དུ་འཇུག་མ་ཐུབ་ན་དབྱིན་ཡུལ་ལ་བསྐྱར་དུ་སྤྱི་ཡོངས་འོས་འདེམས་བྱེད་པའམ། ཡང་ན་སྲིད་བློན་ཊེ་རི་ས་མཱེ་སྲིད་བློན་གྱི་ལས་གནས་ནས་ཕོ་འགྱུར་གཏོང་དགོས་ཐུག་སྲིད། དེར་བརྟེན་སྲིད་བློན་ཊེ་རི་ས་མཱེས་གྲོས་མཐུན་མ་བྱུང་བར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་དེར་གཡོལ་ཐབས་བྱེད་ཀྱི་ཡོད་ཅིང་། དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱིས་གཏན་འབེབས་བྱུང་བའི་གྲོས་མཐུན་གྱི་ཟིན་བྲིས་དེར་ཤོག་གྲངས་༤༠༠་ནས་ཤོག་གྲངས་༦༠༠་ཡས་མས་ཤིག་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་རུང་གྲོས་མཐུན་གྱི་ཟིན་བྲིས་དེར་གནད་དོན་གཙོ་བོ་གསུམ་འདུས་ཡོད་པ་སྟེ། དབྱིན་ཇིའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་ལ་སྒྲུབ་འཇལ་ཆད་ཡོད་པའི་དངུལ་སྒོར་སྤྲོད་དགོས་དང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ཏུ་སྔར་བཞིན་དབྱིན་ཇིའི་སྤྱི་དམངས་གནས་སྡོད་ཆོག་པ། ཡོ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་སྔར་བཞིན་དབྱིན་ཡུལ་དུ་གནས་སྡོད་བྱེད་ཆོག་པ། དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཨར་ལན་ཌིའི་ས་མཚམས་ལ་སྟངས་འཛིན་ཇི་ལྟར་བྱ་དགོས་མིན་བཅས་འཁོད། གྲོས་མཐུན་དེའི་ཟིན་བྲིས་ཤོག་གྲངས་༡༥་ཡས་མས་ཤིག་མ་འོངས་པར་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱིས་ཚོང་འབྲེལ་ཇི་ལྟར་འཛིན་དགོས་མིན་ཡིན་རུང་ཚོང་འབྲེལ་གྱི་གྲོས་མཐུན་དེ་ཉིད་མཐའ་གཅིག་ཏུ་ལག་ལེན་བསྟར་དགོས་པ་ཞིག་མིན་ཞིང་། ཡུ་རོབ་མཉམ་འབྲེལ་དང་དབྱིན་ཇིའི་ཚོང་འབྲེལ་ལ་གྲོས་བསྡུར་བྱུང་མེད་པ་རེད།

དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་གྲོས་མཐུན་ཡོང་མི་ཐུབ་པའི་འགག་རྩ་གཙོ་བོ་ནི་ཕྱོགས་གཉིས་ཀྱི་ས་མཚམས་ལ་ཐུག་ཡོད། དབྱིན་ཇིའི་མངའ་ཁོངས་སུ་བསྡུས་པའི་བྱང་ཕྱོགས་ཨར་ལན་ཌི་དང་ཨར་ལན་ཌི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་འགག་སྒོ་མེད་པར་དངོས་ཟོག་སྐྱེལ་འདྲེན་དང་མི་མང་གི་འགྲིམ་འགྲུལ་ལ་བཀག་སྡོམ་མེད་ཀྱང་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་བྱང་ཕྱོགས་ཨར་ལན་ཌི་དང་ཨར་ལན་ཌི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་འགོག་སྒོ་འཛུགས་རྒྱུ། ཕྱོགས་གཉིས་ཀྱི་དངོས་ཟོག་དང་མི་དམངས་རྣམས་སྔར་བཞིན་སྐྱེལ་འདྲེན་དང་འགྲིམ་འགྲུལ་བྱེད་ཆོག་གི་མེད་པ། ཨར་ལན་ཌི་དང་བྱང་ཕྱོགས་ཨལ་ལན་ཌི་གཉིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག ཆོས་ལུགས་གཅིག་ཡིན་རུང་དུས་རབས་༢༠་བའི་མགོ་སྟོད་དེར་དབྱིན་ཇིའི་གཞུང་གིས་བྱང་ཕྱོགས་ཨར་ལན་ཌི་ཞེས་པའི་མངའ་ཁུལ་དེ་ཨར་ལན་ཌི་རྒྱལ་ཁབ་ཀྱི་ལག་ནས་བཙན་གྱིས་འཕྲོག ས་ཁུལ་དེ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་ནས་དབྱིན་ཇི་བ་གྲངས་མང་དང་ཡེ་ཤུ་ཆོས་ལུགས་གསར་མའི་རྗེས་འབྲང་བ་ཇེ་མང་དུ་གྱུར། དེར་བརྟེན་འདས་པའི་ལོ་མང་རིང་བྱང་ཕྱོགས་ཨར་ལན་ཌིའི་ཡུལ་དམག་གིས་དབྱིན་ཇིའི་གཞུང་ལ་དྲག་པོའི་གྱེན་ལོག་བྱས་ནས་འཐབ་འཁྲུག་དྲག་པོ་བརྒྱབ། ༡༩༩༨་ལོར་དབྱིན་ཇིའི་གཞུང་དང་བྱང་ཕྱོགས་ཨར་ལན་ཌིའི་གྱེན་ལོག་པ་ཚོས་ཞི་བའི་གྲོས་མཐུན་བཞག་ནས་མི་གསོད་འཁྲུག་སྦྱོར་གྱི་འཐབ་འཁྲུག་མཚམས་ཆད།

ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་ཁོངས་ནས་དབྱིན་ཇི་ཕྱིར་འཐེན་བྱས་པའི་རྗེས་སུ་ཨར་ལན་ཌི་རྒྱལ་ཁབ་དང་དབྱིན་ཇིའི་མངའ་ཁོངས་སུ་བསྡུས་པའི་བྱང་ཕྱོགས་ཨར་ལན་ཌིའི་ས་མཚམས་ལ་འགག་སྒོ་འཛུགས་རྒྱུ། དབྱིན་ཇིའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་ལ་བསྒྲུབ་དགོས་པའི་ལས་འགན་ཁག་མ་བསྒྲུབས་པ་དང་ཡུ་རོབ་མཉམ་འབྲེལ་ལ་སྒོ་ཁྲལ་མ་བརྒྱབ་པར་དབྱིན་ཇིའི་དངོས་ཟོག་རྣམས་སྐྱེལ་འདྲེན་མི་ཆོག དབྱིན་ཇིའི་དངོས་ཟོག་རྣམས་ཡུ་རོབ་མཉམ་འབྲེལ་གྱི་ཁྲོམ་རའི་ནང་དུ་ཕྱིར་ཚོང་བྱེད་ན་སྒོ་ཁྲལ་འཇལ་དགོས་ཟེར། དབྱིན་ཇིའི་གཞུང་གིས་རང་ལ་ཡུ་རོབ་མཉམ་འབྲེལ་ཁྲོམ་རའི་ནང་དུ་སྔར་བཞིན་དངོས་ཟོག་ཕྱིར་ཚོང་བྱེད་ཆོག་པའི་ཐོབ་ཐང་དགོས། བྱང་ཕྱོགས་ཨར་ལན་ཌི་དང་ཨར་ལན་ཌི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་འགག་སྒོ་འཛུགས་མི་དགོས་ཞེས་དགོས་འདུན་བཏོན་མོད། འོན་ཀྱང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་སྔར་བཞིན་སྒོ་ཁྲལ་མ་བརྒྱབ་པར་དབྱིན་ཡུལ་གྱི་ཁྲོམ་རའི་ནང་དུ་དངོས་ཟོག་ཕྱིར་ཚོང་བྱེད་ཆོག་གི་ཡོད་མེད་ངེས་གཏན་མེད་པ་རེད།།

XS
SM
MD
LG