ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱལ་སྲུང་བློན་ཆེན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་བའི་ལོ་ཤས་ཤིག་ནས་ལྷོ་རྒྱ་ནག་རྒྱ་མཚོ་ནི་ཨ་མི་རི་ཀ་དང་རྒྱ་ནག་གི་མཚོ་དམག་དང་གནམ་གཉིས་གདོང་གཏུགས་རྒྱག་གྲབས་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར། ཟླ་བ་སྔོན་མར་རྒྱ་ནག་གི་དམག་གྲུ་ཞིག་དང་ཨ་མི་རི་ཀའི་དམག་གྲུ་ཞིག་རྡུང་ག་རྒྱག་གྲབས་བྱུང་སྟེ་ཨ་མི་རི་ཀ་དང་རྒྱ་ནག་གི་དམག་གི་འབྲེལ་བ་སྡུག་ཏུ་སོང་ནས་ཛ་དྲག་ཅན་ཞིག་ཏུ་གྱུར་ཅིང་། གཟའ་འཁོར་སྔོན་མར་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥེང་ཧེ་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ནས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊི་སི་ལ་ཐུག་འཕྲད་གྲོས་མོལ་ཞིབ་ཕྲ་ཞིག་བྱུང་ཡོད་པ་སྟེ། རྒྱ་ནག་དང་ཨ་མི་རི་ཀའི་རྒྱལ་སྲུང་བློན་ཆེན་རྣམ་པ་དམག་འཁྲུག་གི་ཛ་དྲག་སྔོན་འགོག་དང་ཕྱོགས་གཉིས་ཀྱི་མཚོ་དམག་གདོང་གཏུགས་འབྱུང་སྲིད་པ་སྔོན་འགོག་བྱ་དགོས་པའི་གྲོས་མཐུན་བྱུང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་སྒར་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་དང་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་འགའ་ཞིག་གིས་རྩོད་ཀྱི་ཡོད་པ་བཅས་ལ་གྲོས་མོལ་ལྷུག་པོ་བྱུང་འདུག

ཨ་མི་རི་ཀས་རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོ་དེ་ཉིད་དམག་གི་ལྟེ་གནས་ཤིག་ལ་སྒྱུར་གྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་བཤད་པ་དང་རྒྱ་ནག་གིས་ཨ་མི་རི་ཀར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མཚོ་དམག་དང་གནམ་དམག་གིས་སྐོར་གཡེང་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་བརྗོད། སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་གཉིས་རྒྱལ་ས་ཝ་ཤིང་ཊོན་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་རྣམས་སེལ་ཐུབ་པ་ཞིག་མིན་མོད། འོན་ཀྱང་ཨ་མི་རི་ཀ་དང་རྒྱ་ནག་གི་དམག་གི་འབྲེལ་བར་ཛ་དྲག་མེད་པར་ཞི་འཇམ་དུ་འགྱུར་སྲིད་པའི་ཕན་ཐོགས་ཡོད། ད་དུང་ཕྱི་ཟླ་༡༢་ཚེས་༡་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པར་བརྟེན། མ་མཐར་ཡང་ཕྱི་ཟླ་༡༢་བར་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་དང་ཨ་མི་རི་ཀའི་མཚོ་དམག་གཉིས་གདོང་གཏུགས་འབྱུང་མི་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཐེ་ཝན་གྱི་ལྷོ་རྒྱ་ནག་རྒྱ་མཚོ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་འཇོ་ནེ་ཐན་སི་པང་ལེར་གྱིས་བཤད་པ་ལྟར་ན་རྒྱལ་ཁབ་ཁག་གི་མཐོ་རིམ་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་ཡིན་ན་ཕན་ཚུན་ཡིད་ཆེས་སྐྲུན་ཐབས་བྱེད་ཀྱི་ཡོད་པ་མཚོན་ཐུབ། ཕན་ཚུན་འབྲེལ་བ་མ་བྱས་པ་ལས་འབྲེལ་བ་བྱས་ན་དགེ་མཚན་ཆེ་ཞེས་བཤད་འདུག

པེ་ཅིང་དང་ཝ་ཤིང་ཊོན་གཉིས་ཀས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་སྒར་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུ་དང་ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མཚོ་དམག་དང་གནམ་དམག་གིས་སྐོར་གཡེར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུའི་རེ་བ་འཆང་གི་མེད་རུང་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཨ་མི་རི་ཀ་དང་རྒྱ་ནག་གི་དམག་དཔུང་གདོང་གཏུགས་བྱུང་སྟེ། ཐ་ན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་འཁྲུག་ཆེན་པོ་ཞིག་ལང་སྲིད་པའི་ཉེན་ཀ་ཡོད་པ་སྔོན་འགོག་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པར་མ་ཟད། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བཟང་པོ་ཞིག་འཛིན་རྒྱུ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཞི་བདེ་བརྟན་ལྷིང་དགོས་པ་རྒྱ་ནག་དང་ཨ་མི་རི་ཀའི་གཉིས་ཀའི་ཁེ་ཕན་ལ་འབྲེལ་བ་ཆགས་ཡོད། ཨ་མི་རི་ཀ་དང་རྒྱ་ནག་གི་མཚོ་དམག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཀ་དེར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཀྱང་བློ་འཚབས་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གིས་ས་ཁྲ་རྙིང་པ་ཞིག་བསྟན་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་བརྒྱ་ཆ་༩༠་ཙམ་རྒྱ་ནག་གི་མངའ་ཁོངས་ཡིན་ཟེར་གྱི་ཡོད་ཀྱང་བྷུ་རུ་ནེ་དང་མ་ལེ་ཤི་ཡ། ཧྥི་ལི་ཕིན་དང་ཐེ་ཝན། ཝི་ཏེ་ནམ་བཅས་ཀྱིས་ཀྱང་རང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་ཡོད་ཅེས་རྩོད་པ་རྒྱག་བཞིན་འདུག འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་དེར་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་དམག་སྒར་བརྒྱབ་པ་དང་ལྷོ་ཤར་ཨེ་ཤི་ཡའི་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་ཐུབ་ཚོད་བྱེད་ཀྱི་ཡོད་པས་རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་དང་། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་༣་དང་ཕྱེད་ཀ་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཨ་མི་རི་ཀར་མངའ་ཁོངས་རྩོད་རྒྱུ་མེད་ཀྱང་ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་བོ་རྒྱལ་སྤྱིའི་མཚོ་ཁོངས་སུ་འཇོག་དགོས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་སྐྱེལ་འདྲེན་དང་འགྲིམ་འགྲུལ་རང་དབང་ནི་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས། ཨ་མི་རི་ཀའི་བདེ་འཇགས་བཅས་ལ་འབྲེལ་བ་དམ་ཟབ་ཡོད། ཨ་མི་རི་ཀས་མཚོ་དམག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱས་ནས་རྒྱལ་སྤྱིའི་མཚོ་ལམ་གྱི་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་རྩོད་པ་རྒྱག་གི་ཡོད་པ་རེད།།

XS
SM
MD
LG