ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མ་དབྱིན་ཇུག་གི་དགག་བྱ་གསུམ་གྱི་སྲིད་ཇུས་ལ་སྐྱོན་བརྗོད།


༄༅།། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གིས་བཏོན་པའི་དགག་བྱ་གསུམ་གྱི་སྲིད་ཇུས་གསར་པར་སྐྱོན་བརྗོད་དྲག་པོ་ཕོག་གི་ཡོད་པ་སྟེ། ཉེ་ཆར་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གིས་གཅིག་གྱུར་ལ་ངོ་རྒོལ་མེད། རང་བཙན་ལ་རྒྱབ་སྐྱོར་མེད། བཙན་དྲག་བཀོལ་མི་ཆོག་ཅེས་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བར་སྲིད་ཇུས་གསར་པ་གསུམ་བཏོན། ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པས་ཐེ་ཝན་གྱི་མདུན་ལམ་ནི་ཐེ་ཝན་མི་དམངས་ལ་ཐག་གཅོད་བྱེད་དུ་འཇུག་དགོས་ཞེས་བསྒྲགས། ད་ལྟ་ཐེ་ཝན་གྱི་སྤྱི་ཚོགས་སུའང་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གི་དགག་བྱ་གསུམ་གྱི་སྲིད་ཇུས་གསར་པར་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་མ་དབྱིན་ཇུག་གི་རིག་གཞུང་ཐེབས་རྩ་ཁང་དུ་༢༠༡༥་ལོར་མ་དབྱིན་ཇུག་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱུང་ནས་ལོ་གསུམ་འཁོར་པའི་དུས་དྲན་ལ་སྲུང་བརྩི་ཞུས་པའི་མཛད་སྒོའི་ཐོག་ཏུ་མ་དབྱིན་ཇུག་གི་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བར་དགག་བྱ་གསུམ་གྱི་སྲིད་ཇུས་གསར་པ་ཞིག་བཏོན།

མ་དབྱིན་ཇུག་གིས་མཚོ་འགག་ཕྱོགས་གཉིས་ཀས་༡༩༩༢་ལོར་ཐེ་ཝན་དང་རྒྱ་ནག་གཉིས་གྲོས་མཐུན་བྱུང་བར་རྩ་འཛིན་བྱ་དགོས། གཅིག་གྱུར་ལ་ངོ་རྒོལ་མེད་པ་དང་རང་བཙན་ལ་རྒྱབ་སྐྱོར་མེད་པ། བཙན་དྲག་བཀོལ་མི་ཆོག་པའི་རྩ་དོན་གསུམ་ནི་ཐེ་ཝན་གྱི་ཞི་བདེ་བརྟན་ལྷིང་དང་གནས་བབ་རྒྱུན་འཁྱོངས། ཐེ་ཝན་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་པའི་གདམ་ཀ་མཆོག་ཏུ་གྱུར་པ་ཞིག་ཡིན་ཞེས་བཤད། ༢༠༠༨་ལོར་མ་དབྱིན་ཇུག་ལ་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་པའི་རྗེས་སུ་དགག་བྱ་གསུམ་ཟེར་པའི་ཐ་སྙད་ཅིག་གསར་གཏོད་བྱས་ཏེ་རྒྱ་ནག་སྐམ་ས་ཆེན་མོར་འབྲེལ་བ་ཚུགས། ཁ་སང་གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གི་ལས་སྣེ་ཞིག་གིས་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གི་དགག་བྱ་གསུམ་གྱི་སྲིད་ཇུས་ལ་འགྲེལ་བཤད་གང་ཡང་མེད། ང་ཚོས་ཐེ་ཝན་མི་དམངས་ས་ཡ་༢༣་གྱི་མདུན་ལམ་དེ་ཉིད་ཆབ་སྲིད་ཀྱི་ཕམ་ཚོང་རྒྱག་མི་ཐུབ། ཐེ་ཝན་གཞུང་གིས་ནམ་ཡང་ཆབ་སྲིད་ཀྱི་གནོན་ཤུགས་ལ་མགོ་སྒུར་རྒྱུ་མིན། པེ་ཅིང་གིས་དབང་འཛིན་པ་ཚོས་རྒྱ་ནག་གཅིག་གི་རྩ་དོན་ལ་ཐེ་ཝན་གྱི་ཁས་ལེན་བྱ་དགོས་ཟེར་པར་ཐེ་ཝན་མི་དམངས་ཀྱིས་མོས་མཐུན་བྱ་ཐབས་མེད་ཅེས་ལན་འདེབས་བྱས་ཀྱང་ཐེ་ཝན་མི་དམངས་བརྒྱ་ཆ་༨༠་ཙམ་ལ་གནས་བབ་དེ་ཉིད་རྒྱུན་འཁྱོངས་བྱ་འདོད་ཡོད་ཅེས་སྐད་ཆ་དྲིས་པར་ལན་འདེབས་བྱས་འདུག

༡༩༩༢་ལོར་ཐེ་ཝན་དང་རྒྱ་ནག་གི་སྐུ་ཚབ་ཚོ་ཐུག་འཕྲད་གྲོས་མོལ་བྱས་ནས་རྒྱ་ནག་གཅིག་གི་རྩ་དོན་ཏེ། འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད་པ་དང་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་རྒྱུ། རྒྱ་ནག་གཅིག་ཟེར་པ་དེར་མཚོ་འགག་ཕྱོགས་གཉིས་ཀར་མཚན་ཉིད་འཇོག་སྟངས་མ་འདྲ་བ་ཡོད་ཆོག་པའི་གྲོས་མཐུན་བྱུང་ཞིང་། དེར་བརྟེན་པེ་ཅིང་གིས་རྒྱ་ནག་གཅིག་ཟེར་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གོ་དགོས། པེ་ཅིང་གི་སྲིད་གཞུང་དེ་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ངོ་མ་ཡིན་ཟེར། ཐེ་ཝན་གྱིས་རྒྱ་ནག་གཅིག་ཟེར་པ་ནི་ཀྲུང་ཧྭ་མིན་གོ་ལ་གོ་དགོས། རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ངོ་ནི་མ་ཀྲུང་ཧྭ་མིན་གོའི་དུས་སུ་ཚུགས་པའི་རྒྱ་ནག་གི་སྲིད་གཞུང་དེ་ཡིན་ཞེས་རྩོད་པ་བརྒྱབ། ཡིན་ནའང་ཐེ་ཝན་གྱི་སྲིད་འཛིན་ལི་ཏིང་ཧུའི་དུས་སུ་མཚོ་འགག་རེ་ན་རང་བཙན་རྒྱལ་ཁབ་རེ་ཡོད་ཅེས་འགྲེལ་བཤད་གསར་པ་ཞིག་བརྒྱབ། དེའི་རྗེས་སུ་ཐེ་ཝན་གྱི་སྲིད་འཛིན་ཁྲེན་ཧྲུའི་པེན་གྱིས་ཐེ་ཝན་ནི་རྒྱ་ནག་སྐམ་ས་ཆེན་མོ་དང་རྒྱ་མི་རིགས་ལ་འབྲེལ་བ་མེད་པར་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་ལྡན་པའི་ཡུལ་ལུང་ཞིག་ཡིན་ཞེས་ཐེ་ཝན་གྱི་ངོ་བོ་ལོགས་སུ་དར་སྤེལ་གཏོང་ཕྱོགས་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པར་མ་ཟད། ད་ལྟའི་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་གྱི་གཞུང་གིས་ཀྱང་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱས་མེད་ཅིང་། ད་དུང་ཐེ་ཝན་མི་དམངས་ཀྱི་གྲས་སུའང་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱེད་འདོད་མེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གི་དགག་བྱ་གསུམ་གྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ཐེ་ཝན་གྱི་རང་བཙན་ཤོག་ཁག་གི་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཐེ་ལེན་ཏང་གཅིག་པུ་མིན་པ་སྟེ། ཐེ་ཝན་གྱི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་འདེམས་ལ་འགྲན་ཞུགས་བྱེད་མཁན་གོ་མིན་ཏང་གི་འོས་མི་༦་གིས་ཀྱང་དགག་བྱ་གསུམ་གྱི་སྲིད་ཇུས་གླེང་བའི་དུས་སྐབས་འོས་འཚམས་ཤིག་མ་རེད། ད་ལྟའི་དུས་སྐབས་འདིར་གཅིག་གྱུར་དང་རང་བཙན་གྱི་གནད་དོན་གླེང་ན་དགེ་མཚན་མི་འདུག་ཅེས་རང་རང་སོ་སོ་མ་དབྱིན་ཇུག་གི་དགག་བྱ་གསུམ་གྱི་སྲིད་ཇུས་གསར་པར་འབྲེལ་བ་མེད་པའི་རྣམ་འགྱུར་སྟོན་གང་ཐུབ་བྱེད་ཀྱི་ཡོད་མོད། འོན་ཀྱང་འདས་པའི་ལོ་མང་རིང་ཐེ་ཝན་ལྷོ་ཕྱོགས་ཀྱི་ཞིང་ལས་ས་ཁུལ་ཁག་གིས་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱབ་སྐྱོར་བྱས་པ་དེར་འགྱུར་བ་ཐེབས་སྲིད། ཟླ་བ་རྗེས་མར་ཐེ་ཝན་ལ་ས་གནས་རིམ་པའི་འགོ་ཁྲིད་ཚོ་འོས་འདེམས་བྱེད་ཀྱི་ཡོད་པ་དེའི་སྐབས་སུ་ཐེ་ཝན་ལྷོ་ཕྱོགས་ཀྱི་ཞིང་ལས་པ་ཚོས་སྔར་བཞིན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་པ་དང་། ད་ལོ་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཞུན་གྲོང་ཁྱེར་གྱི་སྤྱི་ཁྱབ་འོས་འདེམས་ལའང་འགྲན་རྩོད་ཆེན་པོ་ཐུག་འདུག ལོ་༢༠་ལྷག་ལ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚོར་ཐེ་ཝན་གྱི་ལྷོ་ཕྱོགས་ས་ཁུལ་ཁག་ཏུ་ཤོར་མྱོང་མེད་པ་ཞིག་ཕམ་སྲིད། གོ་མིན་ཏང་ཐེ་ཝན་གྱི་ལྷོ་ཕྱོགས་སུ་རྒྱལ་ཁ་ཐོབ་མྱོང་མེད་པ་ཞིག་འཐོབ་སྲིད་ཅེས་གླེང་སློང་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG