ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༢

རྒྱ་རིགས་རྩོམ་པ་པོ་ཞིག་གི་གཏམ་བཤད་བཀག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཧོང་ཀོང་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་ཞིག་གི་སྟེང་དུ་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་བརྩམས་སྒྲུང་རྩོམ་པ་པོ་མཱ་ཅན་གྱི་གཏམ་བཤད་ལས་རིམ་ཁག་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། ཁོང་གི་བརྩམས་སྒྲུང་གསར་པ་རྒྱ་ནག་གི་རྨི་ལམ་ཞེས་པ་དེ་ཧོང་ཀོང་དུ་པར་སྐྲུན་བྱེད་མཁན་བྱུང་མེད་པར་མ་ཟད། རྩོམ་རིག་དུས་སྟོན་དེའི་སྟེང་དུ་རྩོམ་པ་པོ་མཱ་ཅན་གྱི་གཏམ་བཤད་ལས་རིམ་ཁག་ཀྱང་ཕྱིར་འཐེན་བྱེད་དུ་བཅུག་ཡོད་ཅིང་། འདི་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་སྔར་ལས་ལྷག་པའི་ཐེ་གཏོགས་བྱ་རྒྱུ་ཤུགས་ཆེ་རུ་སོང་ཡོད་པའི་མཚོན་རྟགས་ཤིག་རེད་ཅེས་བཤད་འདུག

ཧོང་ཀོང་གི་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་ཚོགས་པ་ཞེས་པས་ཟླ་བ་འདིའི་ཚེས་༢་ནས་ཚེས་༡༡་བར་དུ་ཧོང་ཀོང་ཏཱ་གྷན་སྒྱུ་རྩལ་ཚོགས་ཁང་ཆེན་མོར་ལོའི་འདིའི་རྩོམ་རིག་དུས་སྟོན་འཚོགས་ཏེ་དབྱིན་ཡུལ་དུ་གནས་སྡོད་རྒྱ་རིགས་བརྩམས་སྒྲུང་རྩོམ་པ་པོ་མ་ཅཱན་གདན་འདྲེན་ཞུས། ཁོང་ནི་རྒྱལ་སྤྱིའི་ཡུལ་གྲུ་གང་སའི་རྩོམ་པ་པོ་༤༥་ཆེད་དུ་གདན་འདྲེན་ཞུས་པ་ཡོད་པ་དེ་དག་གི་གྲས་སུ་ཡོད་ཅིང་། གཟའ་སྤེན་པའི་ཉིན་རྩོམ་རིག་དུས་སྟོན་འདིའི་སྟེང་དུ་རྩོམ་པ་པོ་མ་ཅཱན་གྱིས་ད་ལོ་གསར་དུ་འགྲེམ་སྤེལ་གནང་བའི་རྒྱ་ནག་གི་རྨི་ལམ་ཞེས་པའི་དཔེ་དེབ་དེའི་སྐོར་ངོ་སྤྲོད་དང་འབྲེལ་ནས་གཏམ་བཤད་རིམ་པ་གཉིས་གོ་སྒྲིག་ཞུས་ཡོད་པ་གློ་བུར་དུ་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་སྟེ། རྩོམ་པ་པོ་མ་ཅཱན་གྱིས་ཚོགས་ཁང་དེར་གཏམ་བཤད་བྱེད་མི་ཆོག་ཅེས་དུས་སྟོན་འཚོགས་སའི་ཚོགས་ཁང་གི་བརྡ་ལན་འབྱོར་། ད་དུང་སྒྱུ་རྩལ་ཚོགས་ཁང་འདི་མི་སྒེར་གྱི་ཆབ་སྲིད་དྲིལ་བསྒྲགས་སྤེལ་ས་ཞིག་ཏུ་འགྱུར་འདོད་མེད་པར་བཤད་འདུག

ཚོགས་ཁང་གཡར་མཁན་གྱིས་རྩོམ་པ་པོ་མ་ཅཱན་ཚོགས་ཁང་དེར་གཏམ་བཤད་བྱེད་པར་བཀག་འགོག་བྱེད་པ་དེར་དུས་སྟོན་གོ་སྒྲིག་པས་དམིགས་སུ་བཀར་ནས་རྒྱ་ནག་གཞུང་གི་བཀའ་རྒྱ་བཏང་བ་དེ་འདྲ་ཡིན་མིན་བཤད་ཚོད་མ་ཐེབས་ཀྱང་རྩོམ་པ་པོའི་བསམ་དོན་དང་སྨྲ་བརྗོད་ལ་བརྩི་བཀུར་གྱིས་ས་གནས་གཞན་ཞིག་ཏུ་མ་ཅཱན་གྱི་གཏམ་བཤད་ཁག་གོ་སྒྲིག་བྱ་རྒྱུ་ཡིན་ཞེས་གསལ་བཤད་བྱས་འདུག ཡང་རྩོམ་པ་པོ་མ་ཅཱན་གྱིས་དྲ་ལམ་དུ་ལན་འདེབས་བྱས་པ་ལྟར་ན་ངས་ཚོགས་ཁང་དེ་ཆབ་སྲིད་ཀྱི་ལྟ་བ་བཤད་ས་ཞིག་ཏུ་ངོས་འཛིན་བྱེད་བཞིན་མེད། ང་ནི་ལས་འགུལ་བ་ཞིག་ཀྱང་མིན་པར་བརྩམས་སྒྲུང་རྩོམ་པ་པོ་ཞིག་ཡིན། ངས་རྒྱ་ནག་གི་རྨི་ལམ་ཞེས་པའི་དཔེ་དེབ་གསར་པ་དེ་ངོ་སྤྲོད་བྱེད་འདོད་པ་ཙམ་ཡིན། མ་གཞི་ནས་ངའི་ཆབ་སྲིད་ཀྱི་ལྟ་བ་ཞེས་དམིགས་སུ་བཀར་ནས་བཤད་དགོས་ན་ང་ནི་བསམ་བློ་རང་དབང་དང་སྨྲ་བརྗོད་རང་དབང་ལ་གོང་བཀུར་བྱེད་མཁན་ཞིག་ཡིན། སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་མེད་ན་འགྲོ་བ་མིའི་མི་ཚེ་ལ་དོན་སྙིང་གིས་སྟོང་ཞེས་བཀོད།

དབྱེ་ཞིབ་པ་ཚོས་གནས་སྟངས་འདི་ནི་ཆབ་སྲིད་ཀྱི་གནོན་ཤུགས་ལས་བྱུང་བ་ཡིན་པར་ཚོད་དཔག་བྱེད་བཞིན་པར་མ་ཟད། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཧོང་ཀོང་ཡན་ལག་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ་ཏཱ་གྷན་སྒྱུ་རྩལ་ཚོགས་ཁང་ཆེན་མོ་ནི་སྒྱུ་རྩལ་བ་ཚོས་རྣམ་དཔྱོད་དང་རང་དབང་ལ་རྒྱབ་སྐྱོར་བྱེད་པའི་རྩ་འཛིན་ལ་རྡོག་རོལ་བཏང་བ་ཞིག་ཡིན་པས་རྩོམ་པ་པོ་མ་ཅཱན་གྱིས་ཚོགས་ཁང་དེར་གཏམ་བཤད་བྱེད་མི་ཆོག་པའི་གནས་ཚུལ་འདིའི་ཐད་ལ་འགྲེལ་བརྗོད་ཁ་གསལ་ཞིག་བྱ་དགོས་ཞེས་བརྗོད།

ད་ལྟ་ལོ་ན་༦༥་ལ་སོན་པའི་རྩོམ་པ་པོ་མ་ཅཱན་ནི་སྤྱི་ལོ་༡༩༧༩་ཡར་སྔོན་དུ་དབྱིན་ཇིའི་མངའ་ཁོངས་སུ་ཡོད་དུས་ནས་ཧོང་ཀོང་ས་གནས་སུ་ལོ་བཅུ་ལྷག་ལ་འཚོ་བ་སྐྱེལ་མྱོང་ཡོད། ཁོང་གིས་བརྗོད་ན་དེ་དུས་ཀྱི་ཧོང་ཀོང་ནི་རང་དབང་གི་ཡུལ་གྲུ་ཞིག་ཡིན་པ་སྟེ། འཇིགས་སྣང་དང་དངངས་སྐྲག་མེད་པར་ཞི་བདེ་བག་ཕེབས་སུ་གསར་རྩོམ་བྱེད་ཐུབ། ད་ལྟ་ཧོང་ཀོང་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་བཞིན་པས་མ་འོངས་པར་རྒྱ་ནག་སྐམ་ས་ཆེན་མོ་དང་གཅིག་མཚུངས་སུ་འགྱུར་ཉེན་འདུག་ཅེས་བཤད།

རྒྱ་ནག་གི་རྨི་ལམ་ཞེས་པའི་བརྩམས་སྒྲུང་གི་བརྗོད་བྱ་རྣམས་ད་ལྟའི་རྒྱ་ནག་གི་གནས་བབ་དང་རིག་གནས་གསར་བརྗེའི་དུས་སྐབས་ཀྱི་མི་སྣ་ཁག་རྨང་གཞིར་བཟུང་ནས་བྲིས་པའི་བརྩམས་སྒྲུང་ཞིག་ཡིན་རུང་རྒྱ་ཡིག་ལ་བྲིས་པའི་མ་དཔེ་དེ་ཉིད་ཧོང་ཀོང་གི་དཔེ་སྐྲུན་ཁང་གཅིག་གིས་ཀྱང་དཔར་དུ་བསྐྲུན་མེད་པ་སྟེ། ཧོང་ཀོང་གི་དཔེ་སྐྲུན་ཁང་རྣམས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཏུ་ཚུད་ནས་རང་རང་གི་དཔེ་སྐྲུན་ཁང་དེ་དག་གི་གནས་བབ་ལ་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG