ཉེ་ཆར་སྤྱི་ཟླ་༡༡་པའི་ཚེས་མགོ་ནས་བཟུང་སྟེ་བོད་ཀྱི་བྱང་ཤར་ཕྱོགས་སུ་ཆགས་པའི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་ཁོངས་སུ་བསྡུས་པའི་བོད་ས་མང་ཆེ་བ་ཞིག་ཉིན་ཤས་རིང་ཁ་བ་བསྟུད་མར་བབས་ནས་མི་རྣམས་ཀྱི་འགྲིམ་འགྲུལ་དང་ཕྱུགས་ཟོག་ལ་རྩྭ་སྟེར་རྒྱུ་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཀྱང་རྒྱ་ནག་གི་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེའི་སྐོར་གྱི་གནས་ཚུལ་ཅི་ཡང་སྤེལ་མི་འདུག
ཉེ་ཆར་སྐད་འཕྲིན་དང་ངོ་དེབ་སོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན་མཚོ་སྔོན་པོའི་རྒྱུད་གཙོས་མཚོ་སྔོན་གྱི་ས་ཆ་མང་ཆེ་བ་ཞིག་ལ་གངས་སྐྱོན་བྱུང་ནས་ནོར་ལུག་མང་པོ་ཁངས་འོག་ཏུ་མནན། འབྲེལ་ཡོད་ས་གནས་ཁག་གི་བོད་པ་ཚོས་ཟོག་ལུག་རེ་རེ་བཞིན་གངས་ཀྱི་འོག་ནས་ཕྱིར་འདོན་བཞིན་པའི་བརྙན་གཟུགས་དང་འདྲ་པར་རྣམས་མཐོང་རྒྱུ་ཡོད་པར་མ་ཟད། ཟོག་ཁྱུ་སྐོར་དང་སྐོར་བྱས་ནས་གངས་ཁྲོད་དུ་འདེད་བཞིན་པའི་པར་ལ་བལྟས་ན་ཁ་བ་བབས་པ་མཐུག་དྲགས་ནས་གངས་ཀྱི་མཐུག་ཚད་ཕྱུགས་ཟོག་གི་ལུས་དང་མཉམ་གྲབས་ཡོད་པས་ཕྱུགས་ཟོག་རྣམས་གངས་ཁྲོད་དུ་འགྲོ་ཐུབ་ཀྱི་མེད་པ་མཐོང་ཐུབ།
ད་སྔ་ཁ་བ་བབས་པའི་བོད་ཀྱི་ས་ཁུལ་དག་ཏུ་ནོར་ལུག་གངས་འོག་ཏུ་མནན་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱང་དེ་ལ་འཕྲལ་སེལ་གྱི་ལས་ཀ་བྱེད་མཁན་ས་གནས་བོད་པ་ཚོ་མ་གཏོགས་རྒྱ་གཞུང་གིས་མྱུར་སྐྱོབ་མི་སྣ་སོགས་བཏང་ཡོད་པའི་གནས་ཚུལ་ཅི་ཡང་མཐོང་ཐོས་མེད་ཅིང་། བོད་པ་ཞིང་འབྲོག་མང་ཚོགས་ལ་གངས་ཀྱི་གནོད་སྐྱོན་ཐེབས་པའི་གནས་ཚུལ་ཙམ་ཡང་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་མི་འདུག ད་ལྟ་ཁ་བ་བབས་ནས་གནོད་སྐྱོན་ཐེབས་སའི་ས་ཁུལ་ཁག་གི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་ཐུབ་ཀྱང་བོད་ཀྱི་མཐོ་སྒང་གི་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བའི་དུས་ལ་སླེབས་ཡོད་པས་སྐབས་འདིར་ཁ་བ་མཐུག་པོ་བབས་ན་གངས་རྣམས་ཞུ་མ་ཐུབ་པར་ཟོག་ལུག་ལ་རྩྭ་ཟ་རྒྱུ་མེད་པར་གོད་ཁ་ཆེན་པོ་འབྱུང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
ད་ཐེངས་བོད་ཀྱི་ས་ཁུལ་ཁག་ཏུ་གངས་ཆེན་པོ་བབས་པའི་སྟབས་ཀྱིས་འབྲོག་པའི་ནོར་ལུག་ལ་གནོད་སྐྱོན་ཐེབས་པ་གཅིག་པུ་མིན་པར་གཞུང་ལམ་ཡོངས་སུ་གངས་ཀྱིས་འགགས་ཏེ་རླངས་འཁོར་གཡང་ལ་ལྷུང་བའམ། ཡང་ན་ཕན་ཚུན་རྡུང་གཏུག་བརྒྱབ་པའི་གནས་ཚུལ་ཡང་འབྱུང་གི་འདུག ངོ་དེབ་ཀྱི་དྲ་རྒྱའི་བརྒྱུད་ལམ་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་དར་ཚོ་རྫོང་གི་དཔལ་ཁའི་ཉག་ཁ་རུ་རླངས་འཁོར་ཞིག་ལམ་འགྲམ་གྱི་གངས་ཁྲོད་དུ་ལྷུང་ཡོད་པའི་གནས་ཚུལ་འཁོད། གཞན་ཡང་ཟི་ལིང་དང་སྟོང་སྐོར་བར་གྱི་གཞུང་ལམ་སྟེང་དུའང་གངས་ཁྲོད་དུ་རླངས་འཁོར་གདོང་གཏུག་བྱུང་སྟེ་མི་མང་པོར་རྨས་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན། ཁ་བ་བབས་པ་མཐུག་དྲགས་པས་ཁ་སང་སྤྱི་ཚེས་༧་ཉིན་ཟི་ལིང་ནས་ས་གནས་གཞན་ལ་འགྲོ་སའི་མྱུར་ལམ་དང་ཕུག་ལམ་ཁག་ཅིག་སྒོ་བརྒྱབ་ཟིན་རུང་འགྲིམ་འགྲུལ་བ་ཁ་ཤས་རི་ལམ་བརྒྱུད་ནས་སོང་བས་སྔར་བཞིན་རླངས་འཁོར་གངས་དུ་ཤུད་ནས་ཆག་སྒོ་མང་པོ་འབྱུང་བཞིན་མཆིས། དེར་བརྟེན་སྐད་འཕྲིན་སོགས་སུ་རླངས་འཁོར་ཁ་ལོ་བ་མང་པོ་ཞིག་གིས་རང་རང་གི་འགྲོ་ལམ་དེར་ཉེན་ཁ་ཆེ་བར་མཐོང་ནས་ཁ་ལོ་བ་གཞན་ལ་ཉིན་འདི་དག་གི་རིང་ལ་རླངས་འཁོར་བསྐོར་ནས་ས་ཕྱོགས་གཞན་འགྲོ་སྐྱོད་མི་བྱེད་རྒྱུའི་འབོད་སྐུལ་ཞུ་བཞིན་འདུག་པ་དང་། མཚོ་སྔོན་པོའི་རིག་སྨོན་གྲོང་རྡལ་སོགས་སུ་ས་གནས་བོད་མི་རྣམས་ཀྱིས་དང་བླངས་ཐོག་ཏུ་གཞུང་ལམ་སྟེང་གི་གངས་རྣམས་གཙང་ཕྱགས་བྱས་ཏེ་མི་ལ་ཕན་བདེ་སྒྲུབ་བཞིན་པའི་གནས་ཚུལ་འཁོད་འདུག