ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་དང་བུ་མོར་ཚོང་ལས་ཀྱི་ཁེ་ཕན།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བུ་མོ་ཨི་ཝྭན་ཁ་གཉིས་ཀྱི་ཚོང་རྟགས་བརྒྱབ་པའི་དངོས་ཟོག་རྣམ་གྲངས་༡༨་རྒྱ་ནག་གི་ཁྲོམ་རའི་ནང་དུ་བཙོང་ཆོག་ཅེས་ཆོག་མཆན་བཀོད། སྲིད་འཛིན་ཌོ་ནལ་ཊམ་དང་བུ་མོ་ཨི་ཝྭན་ཁ་གཉིས་ཀྱིས་སྒེར་ཚོང་གཉེར་ནས་ཨ་མི་རི་ཀ་རྒྱལ་ཁབ་ཀྱི་ཁེ་ཕན་བློས་གཏོང་གི་ཡོད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། ཟླ་བ་སྔོན་མར་རྒྱ་ནག་གི་ཚོང་རྟགས་ལས་ཁུངས་ཀྱིས་ཨི་ཝྭན་ཁའི་ཚོང་རྟགས་བརྒྱབ་པའི་དངོས་ཟོག་རྣམ་གྲངས་༡༦་ལ་གནས་སྐབས་རིང་ཆོག་མཆན་བཀོད་ཡོད་པ་བསྡོམས་ན་རྒྱ་ནག་གཞུང་གིས་ལོ་འདི་གཅིག་པུར་ཁྱོན་བསྡོམས་ཨ་རིའི་སྲིད་འཛིན་གྱི་བུ་མོའི་བཟོ་ཚོང་ལས་ཁང་ཁག་གི་ཐོན་སྐྱེད་རྣམ་གྲངས་༣༤་རྒྱ་ནག་གི་ཁྲོམ་རར་བཙོང་ཆོག་པའི་ཆོག་མཆོན་བཀོད་འདུག དངོས་ཟོག་རྣམ་གྲངས་གསར་པ་དེ་དག་གི་གྲས་སུ་ཨི་ཝྭན་ཁ་ཊམ་གྱི་ཚོང་རྟགས་འཁོད་པའི་མིག་ཤེལ་ནག་པོ་དང་ལག་ཁུག ལྷམ་དང་རྒྱན་ཆ། འོས་འཕེན་འཕྲུལ་ཆས་དང་མཛེས་ཆོས་ཀྱི་མཁོ་ཆས་རྣམས་འདུས།།

རྒྱ་ནག་གཞུང་གིས་ཆོག་མཆན་བཀོད་པ་ཐམས་ཅད་ཨི་ཝྭན་ཁ་ཊམ་གྱིས་རང་གི་ཚོང་རྟགས་འཁོད་པའི་དངོས་ཟོག་རྣམས་ཕྱིར་བསྡུ་བྱས་ནས་གཞུང་ལས་གཅིག་པུར་དམིགས་པ་གཏོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས་ཟླ་བ་གསུམ་གྱི་རྗེས་སུ་བྱུང་འདུག རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་ཊམ་གྱི་མཚན་བྱང་འཁོད་པའི་ཁང་ཆེན་གཉིས་ལའང་ཆོག་མཆན་བཀོད། ཁང་ཆེན་དེ་དག་གི་ནང་དུ་ཟ་ཁང་གྲགས་ཅན་དང་མགྲོན་ཁང་གྲགས་ཅན། ཆང་ཁང་གྲགས་ཅན། གྱོན་གོས་དང་ལྷམ་ཚོང་ཁང་སོགས་ཡོད་ཅིང་། གལ་སྲིད་ཉི་མ་༩༠་ཐམ་པའི་རྗེས་སུ་རྒྱ་ནག་གི་སྤྱི་ཚོགས་སུ་དགག་བྱ་ཡོད་པའི་བསམ་འཆར་མ་བྱུང་ན་ཆོག་མཆན་དེ་དག་གཏན་འཇགས་སུ་འགྱུར་རྒྱུ། ཨ་རིའི་སྲིད་འཛིན་གྱིས་རང་གི་མཚན་བྱང་འཁོད་པའི་ཁང་ཆེན་ཁག་རྒྱ་ནག་གི་ཁྲོམ་རའི་ནང་དུ་སྒོ་འབྱེད་བྱེད་ཆོག་པའི་ཆོག་མཆན་༢༠༡༦་ནས་ཞུས་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བུ་མོ་ཨི་ཝྭན་ཁ་གཉིས་ཀས་རྒྱ་ནག་གི་ཁྲོམ་རའི་ནང་དུ་མ་རྩ་ཕོན་ཆེན་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པས་ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཁྲིམས་ཁང་དང་གཞུང་གི་ལས་ཁུངས་ཀྱི་མ་ལག་ཐམས་ཅད་རྒྱ་ནག་དམར་ཤོག་ཚོགས་པར་སྲི་ཞུ་སྒྲུབ་པའི་སྒྲིག་འཛུགས་ཁག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་དང་བུ་མོ་གཉིས་ལ་སྒེར་གྱི་ཁེ་ཕན་སྤྲད་ནས་ཨ་མི་རི་ཀའི་རྩ་དོན་ཡན་པོར་འཇོག་ཏུ་འཇུག་རྒྱུའི་ཐབས་ཇུས་ཤིག་འཛིན་གྱི་ཡོད་སྲིད། རྒྱ་ནག་གཞུང་གིས་སྲིད་འཛིན་ཌོ་ནལ་ཊམ་དང་བུ་མོ་གཉིས་ལ་ཚོང་ལས་ཀྱི་ཁེ་ཕན་སྤྲོད་ཀྱི་ཡོད་པ་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐབས་དང་། ཨ་མི་རི་ཀས་སྔར་བཞིན་སྒོ་ཁྲལ་དམའ་མོ་བྱས་ནས་ཨ་མི་རི་ཀར་དངོས་ཟོག་ཕྱིར་ཚོང་བྱེད་ཆོག་པའི་ཁེ་ཕན་ལེན་ཐབས་ཤིག་རེད་ཅེས་དོགས་སློང་བྱེད་ཀྱི་ཡོད་པར་མ་ཟད། ཌོ་ནལ་ཊམ་ཁྱིམ་ཚང་གི་འཛམ་གླིང་ཁྱོན་ཡོངས་སུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་རྒྱབ་ལྗོངས་སུ་སྲིད་འཛིན་ཌོ་ནལ་ཊམ་དང་བུ་མོ་ཨི་ཝྭན་ཁ་གཉིས་ཡོད་པ་དང་། ཁོ་ཚོས་རང་གི་གོ་གནས་དང་སྲིད་དབང་ལ་བརྟེན་ནས་ལོ་མང་རིང་རྩ་བ་བརྟན་པོ་ཚུགས་ཐུབ་པའི་སྒེར་ཚོང་གཉེར་ཐབས་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་ཕོག་གི་ཡོད་པ་རེད།།

རྒྱ་ནག་ཏུ་བཅའ་སྡོད་སྲིད་འཛིན་ཌོ་ནལ་ཊམ་དང་བུ་མོ་ཨི་ཝྭན་ཁའི་ཁྲིམས་རྩོད་པ་ཚོས་གསར་འགྱུར་འདིར་གླེང་སློང་ཅི་ཡང་བཤད་མེད་ཀྱང་རྒྱ་ནག་གཞུང་གིས་ཚོང་རྟགས་ཀྱི་སྙན་ཞུ་འབུལ་མཁན་ཚོར་ཁྲིམས་ལུགས་ལྟར་ཐག་གཅོད་འདྲ་མཉམ་བྱེད་ཀྱིན་ཡོད་ཅེས་བཤད་འདུག ཨི་ཝྭན་ཁ་ཊམ་གྱིས་རྒྱལ་སྤྱིའི་ཐོག་ཏུ་ཚོང་ལས་གཉེར་རྒྱུ་མཚམས་བཞག་མེད་པས་ཨ་རིའི་སྤྱི་དམངས་གྲས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་སོ་སོ་སྒེར་གྱི་ཁེ་ཕན་དང་བུ་མོ་ཨི་ཝྭན་ཁའི་ཁེ་ཕན་དོན་དུ་ཨ་མི་རི་ཀའི་ཕྱི་སྲིད་གཏན་འབེབས་བྱེད་ཀྱིན་མེད་དམ་སྙམ་པའི་དོགས་པ་ཡོང་གི་ཡོད་པ་དང་། སྤྱི་དམངས་འགན་འཁྲི་དང་ཀུན་སྤྱོད་ཚོགས་པས་སྲིད་འཛིན་ཌོ་ནལ་ཊམ་དང་བུ་མོ་ཨི་ཝྭན་ཁ་གཉིས་ཀྱིས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་ཅི་ཞིག་གཉེར་གྱིན་ཡོད་མེད་ཞིབ་འཇུག་བྱས་ནས་སྙན་ཐོན་འདོན་གྱི་ཡོད་པ་རེད།།

XS
SM
MD
LG