ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༣/༡༥

ཧྭང་ཆི་གློད་གྲོལ་གཏོང་དགོས་པའི་ནན་བརྗོད།


༄༅།། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧྭང་ཆི་འཕྲལ་དུ་བཙོན་ཁང་ནས་གློད་གྲོལ་བཏང་སྟེ་སྨན་བཅོས་བྱེད་དུ་འཇུག་དགོས། ཁོ་པའི་ཚེ་སྲོག་ལ་ཉེན་ཀ་འབྱུང་སྲིད་པའི་ནད་གཞི་ལྕི་མོ་ཞིག་ཕོག་འདུག་ཅེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ། རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པ་དང་ས་མཚམས་དབྱེ་མེད་ཀྱི་གསར་འགོད་པའི་མཐུན་ཚོགས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་ཐེ་ཝན་གྱི་གསར་འགོད་པའི་མཐུན་ཚོགས་སོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅུ་བཞིས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་ལོ་ན་༥༥་ལ་སོན་པའི་ཧྭང་ཆི་བཙོན་ཁང་ནས་ཆ་རྐྱེན་མེད་པར་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་བྱས་པ་དང་། ༢༠༡༦་ལོར་རྒྱ་ནག་གཞུང་གིས་ཧྭང་ཆི་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་བཙུགས་ནས་བཙོན་དུ་བཅུག་ཅིང་། དེང་སྐབས་ཧྭང་ཆི་རྒྱ་ནག་གིས་སི་ཁྲོན་ཞིང་ཆེན་གྱི་མེན་དབྱང་བཙོན་ཁང་དུ་བཅུག་ཡོད་སྐད།

ཧྭང་ཆི་དང་རོགས་པ་ཁག་ཅིག་གིས་༦༤་ཐེན་ཝང་ཞེས་༡༩༨༩་ལོའི་ཕྱི་ཟླ་༦་ཚེས་༤་ཉིན་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོའི་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་པར་རྗེས་དྲན་གྱི་དྲྭ་ཚིགས་ཤིག་སྒོ་ཕྱེ་ནས་རྒྱ་ནག་གི་ས་གནས་ཁག་གི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་པ་དང་ཁྲིམས་འགལ་བྱེད་ཀྱི་ཡོད་པ། རྒྱ་ནག་གི་ཉེན་རྟོག་པ་རྣམས་གདུག་རྩུབ་ཆེ་བ་རྣམས་ཐེར་འདོན། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ནམ་ཡང་སྤེལ་སྲོལ་མེད་པའི་གནས་ཚུལ་རྣམས་དྲྭ་ལམ་དུ་སྤེལ་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་ཕོག་ཐུག་ཤོར། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཧྭང་ཆི་ལ་མཁལ་མའི་ན་ཚ་དང་ཀླད་པར་ཆུ་བསགས་པ། སྙིང་གི་ན་ཚ་བཅས་ནད་རིགས་འགའ་ཞིག་ཕོག་ཡོད་པས་འཕྲལ་དུ་སྨན་བཅོས་བྱ་དགོས་ཀྱིན་འདུག ཟླ་བ་སྔོན་མར་ལོ་ན་༨༥་ལ་སོན་པའི་ཧྭང་ཆིའི་ཨ་མ་ཕུ་ཝེན་ཆིང་རྒྱལ་ས་པེ་ཅིང་ལ་བཅར་ནས་རྒྱ་ནག་གཞུང་ལ་ཧྭང་ཆི་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཀྱང་ནུས་པ་ཐོན་མེད་པས་ཧྭང་ཆིའི་གནས་སྟངས་དེ་ཉིད་ཧ་ཅང་གི་ཛ་དྲག་ཅན་ཞིག་ལ་གྱུར་འདུག་ཅེས་གསར་འགོད་པ་ཚོར་བསྒྲགས། རྒན་མོ་ཕུ་ཝེན་ཆིང་གིས་ང་ལ་རང་གི་བུ་དེ་བཙོན་ཁང་དུ་འཆི་རུ་འཇུག་འདོད་མེད། རྒྱ་ནག་གི་འགོ་ཁྲིད་ཚོས་ཧྭང་ཆི་ལ་སྨན་བཅོས་བྱེད་པར་གློད་གྲོལ་གཏོང་རྒྱུའི་རེ་བ་ཡོད། ང་ཚོས་ཞུ་བ་ལན་མང་འཐེན་ཡང་ཧྭང་ཆི་ལ་སྨན་བཅོས་ཀྱི་གོ་སྐབས་སྤྲད་མ་སོང་ཞེས་བཤད་འདུག

ཧྭང་ཆིའི་དྲྭ་ལམ་རྩོམ་ཡིག་ཁག་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་སྐྱོན་བརྗོད་ཤུགས་ཆེན་ཕོག་ཡོད་པ་སྟེ། ༢༠༠༨་ལོར་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་ལ་ས་འགུལ་བརྒྱུགས་ནས་མི་ཁྲི་ཚོ་༩་མ་ཟིན་ཙམ་ལ་འཆི་སྐྱོན་བྱུང་བའི་བདེ་སྡུག་རྣམས་གླེང་བར་མ་ཟད། བུ་ཕྲུག་ས་ཡོམ་ནང་དུ་གྲོངས་པའི་ཕ་མ་ཚོའི་ཆེད་དུ་ལས་འགུལ་སྤེལ། དེར་བརྟེན་༢༠༠༩་ལོར་རྒྱ་ནག་གཞུང་གིས་ཧྭང་ཆི་ལ་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། ༢༠༡༤་ལོར་ཧྭང་ཆི་དང་དེ་མིན་གྱི་སྤྱི་དམངས་གསུམ་གྱིས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་བྱེད་པར་༦༤་ཐེན་ཝང་ཞེས་པའི་དྲྭ་ཚིགས་ཤིག་སྒོ་ཕྱེ། ད་སྔ་རྒྱ་ནག་གཞུང་གིས་ཧྭང་ཆི་ལ་ཁྲིམས་བཤེར་བྱ་རྒྱུའི་དུས་ཚོད་གཏན་འབེབས་བྱས་མེད་ཀྱང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཧྭང་ཆི་ནར་འགྱངས་དང་ཆ་རྐྱེན་མེད་པར་འཕྲལ་དུ་བཙོན་ཁང་ནས་གློད་གྲོལ་གཏོང་དགོས་ཞེས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་དེར་རྒྱ་ནག་གཞུང་གིས་སྨན་བཅོས་བྱེད་དུ་མ་བཅུག་པར་བཙོན་ཁང་དུ་འདས་གྲོངས་སུ་གྱུར་པ་དེ་དག་གི་གྲས་སུ་བོད་པ་སྲིད་དོན་བཙོན་པ་གྲགས་ཅན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཏེ། འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟིགས་རྟགས་བཞེས་མཁན་ལིའུ་ཤའོ་པོ་སོགས་དཔེ་མཚོན་དུ་བཀོད་དོ།།

XS
SM
MD
LG