ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ནང་དུ་བསྟུད་མར་རི་ཉིལ་བའི་གནས་ཚུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ལམ་སྤྱི་ཟླ་༡༠་པའི་ཚེས་༢༩་ཉིན་བོད་ཀྱི་ཉིང་ཁྲི་ས་ཁུལ། རྒྱ་ལ་གྲོང་ཚོ་དང་བར་ཐག་སྤྱི་ལེ་གསུམ་བཞི་ཙམ་གྱི་སར་ཡོད་པའི་ཡར་ཀླུང་གཙང་པོའི་རྒྱུད་དུ་རི་ཉིལ་ནས་ཆུ་བོའི་རྒྱུག་ལམ་བཀག་སྟེ་ཆུའི་རབ་ཁ་མཐོ་རུ་ཕྱིན་ནས་རྒྱ་ལ་གྲོང་ཚོར་འགྲོ་སའི་གཞུང་ལམ་ཆུས་བསྣུབས་འདུག ཡར་ལུང་གཙང་བོའི་རྒྱུད་དུ་གཞིས་ཆགས་པའི་མི་སྡེ་དག་ལ་ཆུ་ལོག་གི་གནོད་པ་ཐེབས་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བས་མི་རྣམས་ཛ་དྲག་གིས་གནས་སརྤོ་བྱ་དགོས་བྱུང་ཡོད་པ་རེད། ཡར་ཀླུང་གཙང་པོའི་རྒྱུད་དུ་རི་ཉིལ་བའི་གནས་ཚུལ་བྱུང་རྗེས་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་དུས་ཐོག་ཏུ་གནོད་འཚེ་ཐེབས་ཚད་ལ་ཞིབ་འཇུག་བྱས་ཏེ་ཉེན་ཁ་ཆེ་བའི་མི་སྡེ་རྣམས་བདེ་འཇགས་གི་གནས་སུ་སྤོར་རྒྱུར་འགན་ལེན་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་དུ་བསྒྲགས་འདུག ད་སྔ་རི་ཉིལ་བའི་དོན་རྐྱེན་བྱུང་ཡུལ་དུ་མི་ལ་རྨས་སྐྱོན་ཕོག་པ་སོགས་ཀྱི་གནས་ཚུལ་བྱུང་མེད་ཀྱང་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་མེ་ཏོག་རྫོང་གི་གཙང་པོའི་འབབ་རྒྱུད་ཡོངས་སུ་ཉེན་ཁ་ཡོད་མེད་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཅེས་གསན་ཚུལ་འཁོད་འདུག ད་ཐེངས་གི་རི་ཉིལ་བའི་གནས་ཚུལ་འདི་ནི་ཟླ་འདིའི་ནང་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་རྒྱུད་དུ་རི་ཉིལ་བའི་གནས་ཚུལ་བྱུང་ཐེངས་གཉིས་པ་ཡིན་ཞིང་། ཟླ་བ་འདིའི་ཕྱི་ཚེས་༡༧་ཉིན་ཡང་ཉིང་ཁྲི་སྨན་གླིང་རྫོང་གི་ཕད་གྲོང་རྡལ་དུ་རྒྱ་ལ་ཡུལ་ཚོའི་ཉེ་འགྲམ་དུ་རི་ཉིལ་ནས་གཙང་པོའི་བཞུར་རྒྱུན་འགགས། ཉེ་འགྲམ་གྱི་ཁྱིམ་ཚང་མང་པོ་ཛ་དྲག་ངང་དུ་གནས་སྤོར་བྱས་ཡོད་པ་རེད། ཡར་ཀླུང་གཙང་པོའི་རྒྱུད་དུ་ཟླ་བ་གཅིག་གི་རིང་ལ་བསྟུད་མར་རི་ཉིལ་ནས་གཙང་པོ་བཀག་པའི་གནས་ཚུལ་ཐེངས་གཉིས་ལ་བྱུང་བའི་སྟབས་ཀྱིས་གཙང་པོའི་རྒྱུད་ཀྱི་མི་རྣམས་ཀྱིས་ཉེན་ཟོན་ཆེན་པོ་བྱེད་དགོས་ཐུག་ཡོད་ཅིང་། དེ་རིང་རྒྱ་གར་གཞུང་གིས་ཀྱང་རྒྱ་གར་ཁོངས་ཀྱི་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་མི་རྣམས་ལ་ཆུ་ལོག་གི་གནོད་པ་ཐེབས་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད། ཡར་ཀླུང་གཙང་པོ་ནི་གཅིག་ནས་རྒྱ་གར་བྱང་ཤར་ས་ཁུལ་དུ་གནས་སྡོད་བྱ་སའི་མི་རྣམས་ཀྱི་འཚོ་བའི་རྟེན་ས་གཙོ་བོ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་མཛོད་བརྒྱབ་ཡོད་པས། གལ་སྲིད་ཆུ་ལོག་དང་ས་ཡོམ་སོགས་ཀྱི་གནོད་པས་ཆུ་མཛོད་ཁ་ཤོར་བ་ཡིན་ན་གཙང་པོའི་འབབ་རྒྱུད་ཀྱི་མི་རྣམས་ཀྱི་འཚོ་བར་ཉེན་ཁ་ཆེན་པོ་བཟོ་ངེས་པས་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆག་འཇིག་ཅི་ཞིག་བྱུང་མིན་ལ་རྒྱ་གར་གྱིས་ཀྱང་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། གཞན་ཡང་ཟླ་འདིའི་ནང་བོད་ཀྱི་ས་ཁུལ་འཇོ་མདའ་རྫོང་གི་ཁོངས་ཀྱི་འབྲི་ཆུའི་ཁུག་མགོ་ཞིག་ཏུའང་རི་ཉིལ་ཏེ་ཁང་ཁྱིམ་ཁ་ཤས་ས་འོག་ཏུ་མནན་པ་མ་ཟད། འབྲི་ཆུའི་བཞུར་རྒྱུན་བཀག་ནས་མི་མང་པོ་ས་གནས་གཞན་ཏུ་གནས་སྤོར་བྱ་དགོས་པའི་དཀའ་ངལ་ལ་འཕྲད་ཡོད་ཅིང་། སྐབས་དེར་དབྱིན་ཡུལ་གྱི་བོད་རང་དབང་ཚོགས་པ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གནས་ཚུལ་འཁོད་པ་ལྟར་ན་འབྲི་ཆུའི་འབབ་རྒྱུད་ཀྱི་རི་ཉིལ་ས་དེར་མི་གྲངས་བཞི་སྟོང་གནས་སྤོར་ཡོད་ཅིང་། དེའི་ཉེ་འཁོར་གྱི་རྫོང་ཁག་བཅུ་ནས་ཁྱོན་བསྡོམས་མི་ཆིག་ཁྲི་སུམ་སྟོང་གནས་སྤོར་བྱ་དགོས་འཁེལ་ཡོད་པར་བརྗོད་འདུག འབྲི་ཆུའི་རྒྱུད་དུ་རི་ཉིལ་བའི་གནས་ཚུལ་བྱུང་བའི་རྗེས་ལ་རྒྱ་ནག་གཞུང་གིས་དེ་མ་ཐག་ཏུ་མི་རྣམས་ཀྱི་སྡོད་གནས་ཀྱི་དཀའ་ངལ་སེལ་ཡོད་པའི་གནས་ཚུལ་བསྒྲགས་ཀྱང་མི་མང་པོ་ཞིག་རྒྱུན་རིང་པོར་གུར་གྱི་ནང་དུ་སྡོད་དགོས་བྱུང་ཡོད་པ་རེད། འབྲི་རྒྱུའི་རྒྱུད་དུ་རི་ཉིལ་བའི་འབྱུང་རྐྱེན་ཅི་ཞིག་ཡིན་མིན་རྒྱ་ནག་གཞུང་གིས་ཁ་གསལ་བཟོས་མེད་ཀྱང་ས་གནས་མི་དམངས་ཀྱིས་རི་ཉིལ་བའི་གནས་ཚུལ་འདི་ནི་ཚད་མེད་པར་གཏེར་ཁ་བཏོན་པའི་མཇུག་འབྲས་ཤིག་ལ་ངོས་འཛིན་གྱི་ཡོད་ཅིང་། ཡར་ཀླུང་གཙང་པོའི་རྒྱུད་དུ་རི་ཉིལ་བའི་རྒྱུ་མཚན་ནི་གཙང་པོའི་སྟོད་རྒྱུད་དུ་འཁྱག་རོམ་ཆེན་པོ་བཅུ་གྲངས་ཤིག་ཡོད་པ་འཁྱག་རུད་བརྒྱབ་པ་ལས་བྱུང་བཞིན་པ་དང་། དེ་ཡང་གོ་ལ་ཧྲིལ་བོའི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་ཡིན་ཅེས་རྒྱ་ནག་གི་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གིས་འགྲེལ་བཤད་བྱས་ཡོད་པ་རེད།

XS
SM
MD
LG