ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༠་ཚེས་༣༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཚོའི་ཚོགས་འདུ་མཇུག་བསྒྲིལ་ཡོད་ཅིང་། སྲིད་འཛིན་ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ལས་རྒྱུན་ལས་འཐུས་མི་ཚོའི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་ངོས་འཛིན་གཅིག་མཚུངས་བྱུང་རུང་ཚོགས་འདུའི་གྲོས་གཞི་དང་ཐག་གཅོད་རྣམས་ཁྱབ་བསྒྲགས་བྱས་མེད་པར་རྒྱུ་མཚན་གཉིས་སྲིད། གཅིག་ནི་རྒྱ་ནག་གི་འགོ་ཁྲིད་ཚོ་ལས་བྲེལ་ཆེ་བའི་ཡིན་པའམ། ཡང་ན་རྒྱ་ནག་གི་འགོ་ཁྲིད་ཚོ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁ་ཕྱོགས་གང་ལ་བསྒྱུར་དགོས་མིན་བློ་ཁ་གཅིག་མཐུན་མེད་པར་འགག་ཡོད་པ་མཚོན་ཐུབ། སྤྱིར་ཕྱི་ཟླ་༡༠་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཚོའི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། ནང་སྲིད་དང་ཕྱི་སྲིད་བཅས་ལ་འགྱུར་བ་ཆེན་པོ་རེ་གཏོང་བའི་ཐག་གཅོད་བྱེད་ཀྱི་ཡོད་ཀྱང་ད་ལོ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་ཇུས་དེར་གདོང་ལེན་ཇི་ལྟར་བྱ་དགོས་མིན་ཚོད་དཔག་མ་ཐུབ་པར་འགག་ཡོད་སྲིད་པའི་རྣམ་པ་ཞིག་ཐོན་འདུག

རྒྱ་ནག་གི་ལམ་སྲོལ་ལྟར་ན་ལོ་ལྟར་སྟོན་དུས་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་འདུ་ཚོགས་ཟིན་མེད་ཀྱང་ཚོགས་འདུ་དེ་ངེས་པར་དུ་མགྱོགས་མྱུར་ངང་དུ་འཚོགས་དགོས་པ་ཞིག་ཡིན་ཞིང་། ཉམས་ཞིབ་པ་ཚོས་ལོ་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་འདུ་ཕར་འགྱངས་བྱ་སྲིད། ཚོགས་འདུ་ཕར་འགྱངས་བྱ་དོན་ནི་ཨ་མི་རི་ཀའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཕྱོགས་གཉིས་ཀྱི་ཚོང་དམག་ཅིག་ལངས་ཡོད་པར་འབྲེལ་བ་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་ལ་ཕུགས་རྒྱང་རིང་པོའི་སྲིད་ཇུས་བརྟན་པོ་ཞིག་གཏན་འབེབས་བྱ་དགོས་ཀྱང་རྒྱལ་སྤྱིའི་ཐོག་ཏུ་ཕྱོགས་གང་ཐད་དུ་ངེས་གཏན་མེད་པར་གྱུར་འདུག དེར་བརྟེན་རྒྱ་ནག་གི་འགོ་ཁྲིད་ཚོ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁ་ཕྱོགས་གང་ལ་བསྒྱུར་དགོས་མིན་ནང་ཁུལ་དུ་གྲོས་འཆམ་མ་བྱུང་བར་འགག་ཡོད་པའི་རྟགས་མཚན་འདུག་ཅེས་གླེང་སློང་། ལོ་ལྟར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་ཆེན་རྗེས་སུ་འཐུས་མི་༤༠༠་ཡས་མས་ཤིག་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་འདུ་དེ་ཉིད་གནད་འགག་ཆེ་ཤོས་ཡིན་པ་སྟེ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་རྒྱལ་ཁབ་ཀྱི་ལས་དོན་ཆེ་ཕྲ་རྣམས་ཐག་གཅོད་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན་རུང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོས་དབུས་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཐག་གཅོད་བྱས་ཟིན་པ་དེར་མོས་མཐུན་བྱ་དགོས། ཁོ་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ཐག་གཅོད་ཁག་ལ་ཆོད་སློག་གཏོང་ཆོག་པའི་དབང་ཚད་མེད། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་རྣམས་ཐག་གཅོད།

དཔེར་ན་༡༩༧༨་ལོར་ཏིང་ཞའོ་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་སྒྱུར་བཅོས་དང་ཕྱི་ལ་སྒོ་མོ་འབྱེད་པའི་སྲིད་ཇུས་བསྒྲགས། ༡༩༩༣་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་སུ་བསྒྱུར་དགོས་པའི་ཐག་བཅད། ༢༠༡༨་ནི་ཏིན་ཞའོ་ཕིང་གིས་སྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་༤༠་འཁོར་པའི་དུས་དྲན་ཡིན་ཞིང་། ད་ལྟ་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། ཕྱི་སྲིད་དང་ནང་སྲིད་བཅས་པ་ཁ་ཕྱོགས་གང་ལ་བསྒྱུར་དགོས་མིན་ངེས་གཏན་མེད་ཅིང་། མི་མང་པོ་ཞིག་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་དལ་དུ་འགྲོ་བ་དང་རྒྱ་ནག་གི་མ་རྐང་ཁྲོམ་ར་ཉམས་ཆག རྒྱ་ནག་གི་སྒེར་གཉེར་ཚོང་ལས་ཁག་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པར་བློ་འཚབ་ཡོང་གི་ཡོད་པར་མ་ཟད། ཨ་མི་རི་ཀས་རང་གི་ཚན་རིག་དང་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁག་ལ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་ཅེས་བཀག རྒྱ་ནག་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་ཨ་མི་རི་ཀས་སྒོ་ཁྲལ་སྤར་གྱི་ཡོད་པས་རྒྱ་ནག་མི་དམངས་ལ་བློ་འཚབ་ཡོད་པ་སྔར་ལས་ཇེ་སྡུག་ཏུ་སོང་འདུག

ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཞིས་ཅིན་ཕིང་གིས་གཙོ་སྐྱོང་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཚོའི་ཚོགས་འདུའི་ཐོག་ཏུ་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་ལ་གནོན་ཤུགས་ཆེན་པོ་ཞིག་ཐེབས་བཞིན་འདུག གནོན་ཤུགས་དེ་ཕྱིའི་ཁོར་ཡུག་གི་ཤུགས་རྐྱེན་ལས་བྱུང་བ་ཞིག་ཡིན་ཞེས་བརྗོད། འདི་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་ཚོང་དམག་ཅིག་ལངས་པའི་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་ལ་གནོན་ཤུགས་འཕྲད་ཀྱི་ཡོད་པ་ཡོངས་གྲགས་སུ་ངོས་ལེན་བྱས་ཐེངས་དང་པོ་ཡིན་ཞིང་། ཞིས་ཅིན་ཕིང་གིས་ང་ཚོས་མདུན་ཕྱོགས་སུ་བལྟ་དགོས་པ་དང་དུས་ལ་འཚམས་པ་ལེགས་བཅོས་གཏོང་དགོས། ང་ཚོས་རྒྱ་ནག་གི་སྒེར་གཉེར་ཚོང་ལས་དང་མ་རྐང་ཁྲོམ་ར་གཉིས་ལ་གསོན་ཤུགས་ཆེ་རུ་གཏོང་བའི་ཐབས་སུ་འབད་དགོས། ང་ཚོས་སྒྱུར་བཅོས་དང་སྒོ་འབྱེད་ལ་ཤུགས་སྣོན་བརྒྱབ་ནས་དཀའ་ངལ་སེལ་ཐབས་ལ་དམིགས་པ་གཏོད་དགོས་ཞེས་བཤད་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ནམ་འཚོགས་འཆར་ཡོད་མེད་གསལ་བཤད་བྱས་མེད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་རྗེས་སུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་ཚོགས་ཟིན། ཡིན་ནའང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ནམ་འཚོགས་འཆར་ཡོད་མེད་ཀྱི་དུས་ཚོད་གཏན་འབེབས་མ་བྱས་པ་ཁྱད་མཚར་ཡིན་པས་ཉམས་ཞིབ་པ་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོར་ཁ་ཕྱོགས་གང་ལ་བསྐྱོད་དགོས་མིན་སྲིད་ཇུས་གསལ་བོ་ཞིག་མེད་པར་འགག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG