ངོ་འཕྲད་བདེ་བའི་དྲ་འབྲེལ།

སིངྒ་ལའི་སྲིད་བློན་གྱི་གོ་གནས་འཕྲོག་རྩོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།སིངྒ་ལའི་སྲིད་འཛིན་སི་རི་སེ་ཡིས་སྲིད་བློན་ཝིཀ་རེ་མཱེ་སིང་གནས་དབྱུང་བཏང་སྟེ་སྲིད་འཛིན་ཟུར་པ་ར་ཇ་པཀ་ས་སྲིད་བློན་གསར་པར་བསྐོས། གཟའ་པ་སངས་ཀྱི་མཚན་མོར་སྲིད་བློན་གསར་པ་ར་ཇ་པཀ་སས་ལས་ཁུར་དམ་བཅའ་བཞག་ཅིང་། ད་ལྟ་གནས་དབྱུང་ཟིན་པའི་སྲིད་བློན་ཝིཀ་རེ་མཱེ་སིང་གི་སྐུ་སྲུང་བ་ཞིག་གིས་མི་མང་ངོ་རྒོལ་བའི་གྲས་སུ་མེ་མདའ་བརྒྱབ་ནས་མི་ཞིག་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་ཐོན།

སྐུ་ཞབས་ཝིཀ་རེ་མཱེ་སིང་གིས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོར་སྙན་ཞུ་ཕུལ་ནས་གྲོས་ཚོགས་བསྡུ་སྐོང་བྱ་དགོས། ཁོ་པར་གདན་གྲངས་༢༢༥་ཡོད་པའི་སིངྒ་ལའི་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་རྒྱབ་སྐྱོར་ཡོད། ངས་སྲིད་བློན་གྱི་ལས་ཁུངས་དང་བཞུགས་གནས་གཉིས་རྩིས་སྤྲོད་བྱ་རྒྱུ་མིན་ཞེས་རྩོད་པ་བརྒྱབ། སིངྒ་ལའི་གྲོས་ཚོགས་ནི་ཕྱི་ཟླ་༡༡་པའི་ཚེས་༥་བར་དུ་འཚོགས་འཆར་མེད་པས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོས་སྲིད་བློན་གཉིས་ཀྱི་གང་ལ་ངོས་འཛིན་བྱ་དགོས་པ་ཚོད་དཔག་མ་ཐུབ་པར་དཀའ་ངལ་གྱི་གནས་སུ་ལྷུང་། ཝིཀ་རེ་མཱེ་སིང་དང་ར་ཇ་པཀ་ས་གཉིས་ཀྱིས་སིངྒ་ལའི་སྲིད་བློན་གྱི་གོ་གནས་འཕྲོག་རྩོད་བྱས་ནས་རྒྱལ་ཁབ་དེར་ཞི་བདེ་བརྟན་ལྷིང་མེད་པར་ཆབ་སྲིད་ཀྱི་ཟིང་འཁྲུག་ལང་སྲིད་པའི་ཉེན་ཀ་འདུག

ཕྱི་ཟླ་༡༡་ཚེས་༡༦་ཉིན་སིངྒ་ལའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཝིཀ་རེ་མཱེ་སིང་དང་ར་ཇ་པཀ་ས་གཉིས་ཀྱི་སུ་སྲིད་བློན་ལ་བསྐོ་བཞག་བྱ་དགོས་མིན་འོས་ཤོག་འཕེན་རྒྱུ་ཡིན་ཞིང་། ད་ལྟ་སུ་གཅིག་གིས་ཀྱང་ཝིཀ་རེ་མཱེ་སིང་དང་ར་ཇ་པཀ་ས་གཉིས་ཀྱི་སུ་ལ་སྲིད་བློན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་ངེས་གཏན་མེད་རུང་སྲིད་འཛིན་ཟུར་པ་ར་ཇ་པཀ་སར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མ་༡༠༠་ཐམ་པའི་རྒྱབ་སྐྱོར་ཡོད་པའི་ཚོད་དཔག་ཐུབ། ཁོ་པར་ད་དུང་འཐུས་མི་༡༣་གྱི་རྒྱབ་སྐྱོར་འཐོབ་དགོས་པ་འཐོབ་རྒྱུ་ཡིན་མིན་ངེས་གཏན་མེད་པར་མ་ཟད། ཟླ་བ་རྗེས་མར་སིངྒ་ལའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱལ་ཕམ་གྱི་དབྱེ་བ་གསལ་བོ་དང་རྩོད་པ་མེད་པ། མི་དམངས་རྣམས་བློ་ཁ་ཚིམས་པའི་སྲིད་བློན་ཞིག་བསྐོ་བཞག་བྱ་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད། ཝིཀ་རེ་མཱེ་སིང་གི་རྒྱབ་སྐྱོར་པ་ཚོས་སྐུ་ཞབས་ཝིཀ་རེ་མཱེ་སིང་སྲིད་བློན་གྱི་ལས་གནས་ནས་གནས་དབྱུང་བཏང་བ་ཁྲིམས་འགལ་རེད་ཅེས་ངོ་རྒོལ་ཁྲོམ་སྐོར་བྱེད་བཞིན་འདུག

གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གཞུང་གིས་སིངྒ་ལའི་སྲིད་འཛིན་ལ་གྲོས་ཚོགས་སྔ་ཙམ་བསྡུས་ནས་སྲིད་བློན་གྱི་རྩོད་གཞི་མྱུར་དུ་ཐག་གཅོད་བྱ་དགོས་ཞེས་འབོད་སྐུལ་ཞུས། གཟའ་སྤེན་པའི་ཉིན་སིངྒ་ལའི་རྒྱལ་ས་ཀོ་ལོམ་བྷོར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ར་ཇ་པཀ་སར་འཚམས་འདྲིར་ཞུས་ཏེ་རྒྱ་ནག་གིས་སིངྒ་ལའི་སྲིད་བློན་ར་ཇ་པཀ་ས་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད་པའི་རྣམ་འགྱུར་བསྟན། སྔོན་ཆད་ར་ཇ་པཀ་སས་སིངྒ་ལའི་སྲིད་དབང་བཟུང་བའི་རིང་དེར་རྒྱ་ནག་དང་སིངྒ་ལའི་འབྲེལ་བ་དམ་ཟབ་བྱུང་རུང་རྒྱ་གར་དང་སིངྒ་ལའི་འབྲེལ་བ་སྡུག་ཏུ་སོང་། དེས་ན་རྒྱ་གར་གཞུང་གིས་སིངྒ་ལའི་སྲིད་འཛིན་འོས་འདེམས་སྐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་སྲིད་འཛིན་ལས་ཐོག་སི་རི་སེ་ནར་རྒྱབ་སྐྱོར་བྱས་པར་བརྟེན། གཅིག་བྱས་ན་སིངྒ་ལའི་སྲིད་བློན་གྱི་རྩོད་གཞི་འདི་རྒྱ་དཀར་ནག་གཉིས་ཐེ་གཏོགས་ཡོད་པ་ཞིག་ཡིན་སྲིད་ཅེས་ཉམས་ཞིབ་པ་ཚོས་དོགས་སློང་བྱས་འདུག

ར་ཇ་པཀ་སས་ལོ་༡༠་ལ་སིངྒ་ལའི་སྲིད་འཛིན་གྱི་ལས་ཁུར་བཞེས་པའི་རིང་དེར་ཏ་མིལ་གྱེན་ལོག་པ་ཚོར་དྲག་གནོན་ཚབས་ཆེན་བྱས་ནས་༢༠༠༩་ལོར་ཏ་མིལ་གྱེན་ལོག་པའི་འགོ་ཁྲིད་དམར་གསོད་བྱས་ནས་ལོ་༢༧་ལ་ལངས་པའི་སིངྒ་ལའི་ནང་འཁྲུག་མཇུག་བསྒྲིལ་མོད། འོན་ཀྱང་ར་ཇ་པཀ་སའི་གཞུང་གིས་སིངྒ་ལའི་ཏ་མིལ་གྲངས་ཉུང་མི་རིགས་ཁྲི་ཚོ་༤་ལྷག་བསད་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་བཏང་བས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་སིངྒ་ལའི་འབྲེལ་བ་སྡུག་ཏུ་སོང་། དེར་བརྟེན་ར་ཇ་པཀ་སས་རྒྱ་ནག་ལ་འབྲེལ་བ་བཙུགས་ནས་རྒྱ་ནག་གཞུང་གིས་སིངྒ་ལར་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ནས་འཛུགས་སྐྲུན་བྱས་ཡོད་པ་སྟེ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཞིག་གིས་སིངྒ་ལར་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གནམ་ཐང་དང་གྲུ་ཁ་སོགས་འཛུགས་སྐྲུན་བྱས་ནས་སིངྒ་ལ་རྒྱ་ནག་གི་བུ་ལོན་འོག་ཏུ་ཚུད། སིངྒ་ལའི་གཞུང་གིས་རྒྱ་ནག་ལ་བུ་ལོན་འཇལ་མ་ཐུབ་པར་རྒྱལ་ཁབ་དེའི་དམག་དོན་ལ་གནད་འགག་ཆེ་བའི་གྲུ་ཁ་ཞིག་རྒྱ་ནག་ལ་ལོ་༩༩་རིང་དུ་བཀོལ་སྤྱོད་བྱེད་དུ་འཇུག་དགོས་པའི་གནས་སྟངས་འདི་བྱུང་འདུག

ད་ལྟ་སིངྒ་ལའི་སྲིད་འཛིན་གྱི་རྒྱབ་སྐྱོར་པ་དང་གནས་དབྱུང་བཏང་བའི་སྲིད་བློན་ཝིཀ་རེ་མཱེ་སིང་གི་རྒྱབ་སྐྱོར་པ། གསར་དུ་སྲིད་བློན་ལ་བསྐོ་བཞག་བྱུང་བའི་སྲིད་འཛིན་ཟུར་པ་ར་ཇ་པཀ་སའི་རྒྱབ་སྐྱོར་པ་ཚོས་རང་རང་གི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོར་རྒྱབ་སྐྱོར་དང་སྲུང་སྐྱོབ། ཁོ་ཚོས་སྲིད་འཛིན་གྱི་ལས་ཁུངས་དང་སྲིད་བློན་གྱི་ལས་ཁུངས་སོགས་ལ་སྲུང་སྐྱོབ་བྱས་ནས་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་དང་། གལ་སྲིད་སིངྒ་ལའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་མྱུར་དུ་ཤོག་ཁག་ཚང་མ་འདོད་པ་ཚིམས་པའི་མང་མོས་ཐག་གཅོད་ཅིག་བྱ་མ་ཐུབ་ཚེ། སིངྒ་ལར་སླར་ཡང་ཆབ་སྲིད་ཀྱི་ནང་འཁྲུག་ཆེན་པོ་ཞིག་ལངས་ནས་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་རྒྱུའི་ཉེན་ཀ་ཡོད། ཐ་ན་སིངྒ་ལའི་ནང་འཁྲུག་དེ་རྒྱ་དཀར་ནག་གི་རྩོད་གཞི་དང་ས་གནས་ཀྱི་རྩོད་གཞི་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཀ་ཡོད་པ་རེད།།

XS
SM
MD
LG