ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་ངོ་རྒོལ་བྱུང་བ།


རྒྱ་ནག་ལ་ངོ་རྒོལ་བྱུང་བ།
please wait

No media source currently available

0:00 0:02:37 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདས་པའི་བདུན་ཕྲག་གཅིག་གི་རིང་དེར་རྒྱ་ནག་ཅང་ཞིས་ཞིང་ཆེན་གྱི་ཁོངས་སུ་གད་སྙིགས་མེར་སྲེག་བཏང་ནས་གློག་མཁོ་འདོན་བྱེད་པའི་ལས་གཞི་ཞིག་མགོ་བརྩམས། ཀོང་ཏུང་ཞིང་ཆེན་གྱི་ཁོངས་སུ་ཉེན་ཁ་ཅན་གྱི་རྫས་འགྱུར་གྱི་གད་སྙིགས་གཙང་སེལ་བྱ་སའི་བཟོ་གྲྭ་ཞིག་འཛུགས་འཆར་ཡོད་པ་བཅས་ལ་ས་གནས་མི་དམངས་ཀྱིས་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག ཅང་ཞིས་ཞིང་ཆེན་གྱི་གད་སྙིགས་མེར་སྲེག་བཏང་ནས་གློག་མཁོ་འདོན་བྱ་སའི་ལས་གཞི་ནི་ཅང་ཞིས་ཞིང་ཆེན་གྱི་ཧྲང་རོ་གྲོང་ཁྱེར། ཕོ་དབྱང་རྫོང་དུ་བཙུགས་ཡོད་པའི་ལས་གཞི་ཞིག་ཡིན་ཞིང་། ལས་གཞི་དེ་བཀག་འགོག་གི་ཆེད་དུ་ས་གནས་མི་དམངས་ཀྱིས་ཉིན་ཁ་ཤས་ལ་བསྟུད་མར་ངོ་རྒོལ་བྱས་པར་རྒྱ་ནག་གི་ས་གནས་ཉེན་རྟོག་པ་མང་པོ་མངགས་ནས་བཀག མཐར་ཉེན་རྟོག་པ་དང་མི་དམངས་གཉིས་འཁྲུག་འཛིང་ཤོར་ནས་མི་མང་པོར་རྨས་སྐྱོན་ཐེབས་ཡོད་པར་མ་ཟད། སྤྱི་ཟླ་༡༠་པའི་ཚེས་༢༣་ཉིན་གྱི་དགོང་མོར་ངོ་རྒོལ་བྱེད་མཁན་གྱི་མི་ཁག་ཅིག་འཛིན་བཟུང་བྱས་པ་དང་། ད་དུང་ཡང་ངོ་རྒོལ་བྱེད་མཁན་གྲས་སུ་ཡོད་པའི་མི་གཞན་པ་ཁག་ཅིག་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་ཅིང་། ཁོ་ཚོས་ངོ་རྒོལ་བྱེད་པའི་སྐབས་ཀྱི་བརྙན་ཐུང་ཞིག་དང་འདྲ་པར་མང་པོ་པོད་ཕྲན་གྱི་བརྒྱུད་ལམ་དུ་བཀྲམ་ཡོད་པ་རྣམས་རྒྱ་གཞུང་གིས་ནག་བསུབ་གཏོང་དུ་བཅུག་འདུག

ངོ་རྒོལ་བྱེད་མཁན་ཚོས་བརྗོད་གསལ་ལ་རྒྱ་ནག་གི་ནང་ལོགས་སུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདིའི་སྐོར་གྱི་གནས་ཚུལ་ཅི་ཡང་གླེང་སློང་བྱེད་ཀྱི་མེད་པ་དང་གློག་མཁོ་འདོན་བྱེད་པའི་ལས་གཞི་འདི་འཛུགས་མཁན་གྱི་བཟོ་ཚོང་ཁང་ནི་རྒྱ་ནག་གི་ཁྱིམ་ཆས་བཟོ་སྐྲུན་བྱེད་མཁན་གྱི་བཟོ་ཚོང་ཁང་ཆེ་ཤོས་སྟེ། མཱེ་ཏི་བཟོ་ཚོང་ཁང་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པས་བཟོ་ཚོང་ཁང་འདིས་ལོ་ངོ་གཉིས་ཀྱི་སྔོན་དུ་རྒྱ་ནག་ཧུའུ་པེ་ཞིང་ཆེན་གྱི་ཞཱེན་ཐོ་ས་གནས་སུའང་གད་སྙིགས་མེར་སྲེག་བཏང་ནས་གློག་མཁོ་འདོན་བྱ་སའི་ལས་གཞི་ཞིག་ལ་མ་རྩ་བཙུགས་ཡོད་པར་ས་གནས་མི་དམངས་ཀྱིས་ངོ་རྒོལ་བྱས་པས་གཞུང་གི་ཉེན་རྟོག་པས་མི་མང་ལ་དྲག་གནོན་ཆེན་པོ་བྱས་འདུག ཡིན་ནའང་སྐབས་དེར་རྒྱ་ནག་གཞུང་གིས་ལས་གཞི་དེ་མཚམས་འཇོག་བྱ་དགོས་བའི་བཀའ་བཏང་རུང་རྗེས་སུ་མུ་མཐུད་དུ་འཛུགས་བསྐྲུན་བྱུང་ཡོད། ད་ལོའི་སྤྱི་ཟླ་༤་པར་ལས་གཞི་ཡོངས་སུ་ལེགས་གྲུབ་བྱུང་བས་གཞུང་གིས་དཔར་འགྲེམ་བྱེད་བཞིན་པའི་ཧུའུ་པེ་ཉིན་རེའི་ཚགས་པར་ལ་ས་གནས་མི་དམངས་ཀྱིས་གློག་མཁོ་འདོན་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༩༩་ཟིན་ཡོད་ཅེས་བཀོད།

ཞིབ་འཇུག་པ་ཚོས་འགྲེལ་བཤད་བྱས་ཡོད་པ་ལྟར་ན་གད་སྙིགས་མེར་སྲེག་བཏང་བའི་དུད་སྤྲིན་ནང་དུ་དུག་རླངས་ཀྱི་རྫས་ངན་ཚབས་ཆེན་ཞིག་ཡོད་པས་མི་ལ་སྐྲན་ནད་འཕོག་རྒྱུའི་ཉེན་ཁ་ཡོད་འདུག གཞན་ཡང་ཉེ་ཆར་སྤྱི་ཚེས་༢༥་ཉིན་གནས་ཚུལ་ཐོན་པ་ལྟར་ན་རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་ཧྲོན་ཏི་ས་ཁུལ། ཞན་ཐན་གྲོང་རྡལ་དུའང་མཚན་མོ་གཉིས་ལ་མི་ཁྲི་ཚོ་ལྷག་གིས་སྲང་ལམ་ནང་དུ་ངོ་རྒོལ་སྐད་འབོད་བྱས་ཏེ་ས་གནས་དེར་ཉེན་ཁ་ཅན་གྱི་རྫས་འགྱུར་གྱི་གད་སྙིགས་གཙང་སེལ་བྱ་སའི་བཟོ་གྲྭ་འཛུགས་མི་ཆོག་ཅེས་ངོ་རྒོལ་བྱུང་། ཞཱན་ཐན་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་གིས་སྤྱི་ཚེས་༢༥་ཉིན་གཞུང་འབྲེལ་པོད་འཕྲིན་དུ་མི་དམངས་ཀྱི་བསམ་འཆར་ལ་དང་ལེན་བྱས་ཏེ་ཐེངས་འདིའི་རྫས་འགྱུར་གྱི་གད་སྙིགས་གཙང་སེལ་བྱ་སའི་བཟོ་གྲྭ་འཛུགས་རྒྱུ་མཚམས་འཇོག་བྱ་དགོས་ཞེས་གོང་རིམ་ནས་བརྡ་ཁྱབ་འབྱོར་སོང་བ་འཁོད་ཡོད་པ་རེད།།

XS
SM
MD
LG