ངོ་འཕྲད་བདེ་བའི་དྲ་འབྲེལ།

ཌོ་ནལ་ཊམ་ལ་ཚོང་དམག་མཇུག་བསྒྲིལ་འདོད་མེད་པ།


༄༅།།ཟླ་བ་རྗེས་མར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཆིན་ཊི་ནའི་རྒྱལ་ས་བྷེ་ནོ་སི་ཨི་རི་གྲོང་ཁྱེར་དུ་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཚོགས་ཆེན་འཚོགས་ཀྱི་ཡོད་ཅིང་། སྐབས་དེའི་ཚོགས་ཆེན་ཞོར་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་དམག་མཚམས་འཇོག་ཡོང་ཐབས་སུ་འབད་བརྩོན་བྱ་སྲིད། ཡིན་ནའང་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་དུ་འཇུག་འདོད་མེད་པ་དང་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་དཀའ་ངལ་ཆེན་པོ་ཞིག་སྤྲོད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རྒྱུན་འཁྱོངས་བྱ་འདོད་ཡོད་པའི་རྣམ་པ་གསལ་བོ་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༠་ཚེས་༢༣་ཉིན་ཨ་མི་རི་ཀའི་སྲིད་འཛིན་དང་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་ནང་མོལ་བྱེད་ཀྱི་ཡོད་པའི་གྲོས་བསྡུར་དེ་གོ་ཐོས་བྱུང་བའི་མི་གསུམ་ལ་ཨོ་གླིང་ཚོང་ལས་ནང་ཚགས་གསར་ཤོག་གི་གསར་འགོད་པས་འབྲེལ་བ་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་ཛ་དྲག་ཞི་འཇམ་གཏོང་འདོད་གཏན་ནས་མེད་པ་དང་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་དཀའ་ངལ་ཆེན་པོ་ཞིག་སྤྲོད་རྒྱུ། རྒྱ་ནག་ལ་དཀའ་ངལ་ཆེན་པོ་ཞིག་སྤྲད་པའི་རྗེས་སུ་ཕྱོགས་གཉིས་ཀྱི་ཚོང་ལས་དྲང་སྙོམས་མེད་པ་དེར་གྲོས་མོལ་ནུས་པ་ཐོན་པ་ཞིག་བྱ་ཐུབ་རྒྱུའི་རྩིས་རྒྱག་གི་འདུག་ཅེས་གནས་ཚུལ་སྤེལ་བས་གཟའ་ཟླ་བའི་ཉིན་ཨེ་ཤི་ཡའི་མ་རྐང་ཁྲོམ་ར་ཁག་མར་ཆག ཟླ་བ་འདི་གཅིག་པུར་རྒྱ་ནག་གི་དཔལ་འབྱོར་ལས་དོན་གྱི་མཐོ་རིམ་འགོ་ཁྲིད་ཚོ་ཛ་དྲག་གི་ཚོགས་འདུ་ཐེངས་༡༠་ཚོགས་ནས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ལ་གདོང་ལེན་ཇི་ལྟར་བྱ་དགོས་མིན། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འདི་ཡུན་རིང་པོ་ཞིག་ལ་སེལ་མ་ཐུབ་ན་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་གྱོང་གུད་ཅི་ཙམ་ཐེབས་རྒྱུ་ཡིན་མིན་གྱི་ནང་མོལ་གྲོས་བསྡུར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་དགོས་ས་དང་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་དགོས་ས་བཅས་ལ་ཨ་སྒོར་ཁྲག་ཁྲིག་༢་དང་ཐེར་འབུམ་ཆེན་མོ་༥༠་ཐམ་པའི་སྒོ་ཁྲལ་སྤར་ཡོད་པ་ཇི་བཞིན་རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་འདས་པའི་ལོ་གཅིག་གི་རིང་དེར་རྒྱ་ནག་གིས་ཨ་མི་རི་ཀ་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༡་དང་གྲངས་ཆུང་༢་ཉུང་དུ་སོང་རུང་རྒྱ་ནག་གིས་ཨ་མི་རི་ཀར་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་ཉུང་དུ་སོང་མེད་ཅིང་། ༢༠༡༧་ཀྱི་ཕྱི་ཟླ་༩་ནས་༢༠༡༨་གྱི་ཕྱི་ཟླ་༩་བར་དུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་ཨ་སྒོར་ཁྲག་ཁྲི་༣་དང་ཐེར་འབུམ་༧་ཟིན་ཡོད་པས་ཨ་མི་རི་ཀས་རྒྱ་ནག་ལ་དངོས་ཟོག་ཕྱིར་ཚོང་བྱས་པའི་གྲངས་འབོར་ལས་ཀྱང་རྒྱ་ནག་གིས་ཨ་མི་རི་ཀར་དངོས་ཟོག་ཕྱིར་ཚོང་བྱས་པའི་གྲངས་འབོར་ལྡབ་འགའ་ཞིག་མང་བ་ཡོད་པས་རྒྱ་ནག་གིས་ཨ་མི་རི་ཀ་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཡོད་ཚད་ལ་སྒོ་ཁྲལ་སྤར་ཀྱང་ཨ་མི་རི་ཀར་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་སྒོ་ཁྲལ་སྤར་ས་མང་བ་ཡོད་པས་མཐར་ཐུག་གི་གྱོང་གུད་རྒྱ་ནག་ལ་འཕོག་གི་ཡོད་པ་རེད།

རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་རྐྱེན་གྱིས་ཉེ་བའི་ཟླ་ཤས་ཤིག་ལ་རྒྱ་ནག་གི་མ་རྐང་ཁྲོམ་ར་འཕེལ་རྒྱས་འགྲོ་ཐུབ་མེད་པ་དང་འདས་པའི་ལོ་གཅིག་གི་རིང་ལ་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༦་དང་གྲངས་ཆུང་༥་ལས་འཕེལ་རྒྱས་འགྲོ་ཐུབ་མེད་པ་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་ཆེས་དལ་ཤོས་སུ་གྱུར་འདུག ཨོ་གླིང་ཚོང་ལས་ནང་ཚགས་གསར་ཤོག་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཞིག་གིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ནི་མགོ་བརྩམས་མ་ཐག་ཡིན་པ་དང་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་བྱས་ཀྱང་ཚོང་དམག་གི་འགག་རྩ་སེལ་ཐུབ་པའི་རེ་བ་ཡོད་མི་སྲིད། ཅིའི་ཕྱིར་ཞེ་ན་ཟླ་བ་རྗེས་མར་ཨར་ཆིན་ཊི་ནར་འཚོགས་འཆར་ཡོད་པའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་འདུ་ནི་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཚོགས་འདུ་ཞིག་ཡིན་པ་ལས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཀྱི་ཚོགས་འདུ་ཞིག་མིན། ད་དུང་གནས་ཚུལ་འབྱུང་ཁུངས་གཞན་ཞིག་གིས་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གྱི་ཐུག་འཕྲད་དེ་སྒེར་གྱི་འབྲེལ་བ་བསྐྱར་མཐུད་བྱེད་པའི་ཆེད་དུ་ཡིན་པ་ལས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ཞིབ་ཕྲ་བྱེད་པའི་ཐུག་འཕྲད་ཅིག་མ་རེད། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཀྱི་འགལ་ཟླ་ཆེ་དྲགས་ཏེ་སྙོམས་ཐབས་མེད་པའི་མཚམས་སུ་སླེབས་ཡོད་པ་དང་ཕྱོགས་གཉིས་ཀར་ཐུན་མོང་གི་གཞི་རྩ་འཛིན་ས་ཞིག་མི་འདུག་ཅེས་བཤད་ཡོད་པར་མ་ཟད། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ལངས་པའི་རྗེས་སུ་རྒྱ་ནག་གི་མ་རྐང་ཁྲོམ་ར་དེར་ཉམས་རྒུད་ཆེན་པོ་འགྲོ་བཞིན་པར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་སྐད། བདུན་ཕྲག་རེ་ཟུང་གི་གོང་དེར་རྒྱ་ནག་གི་ཧྲང་ཧེ་མ་རྐང་ཁྲོམ་ར་བརྒྱ་ཆ་༣༠་ལྷག་མར་ཆག་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པའི་སྟབས་ཀྱིས་རྒྱ་ནག་གི་མ་རྐང་ཁྲོམ་ར་ཆག་གི་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་ཐོག་ཏུ་ཝ་ཤིང་ཊོན་གྱིས་པེ་ཅིང་ལ་གནོན་ཤུགས་ཆེ་བ་སྤྲོད་ཐུབ་པའི་རྩིས་རྒྱག་གི་ཡོད་པ་རེད།

ཉམས་ཞིབ་པ་ཚོས་ཏིང་ཞའོ་ཕིང་གིས་ལོ་༤༠་ཙམ་གྱི་གོང་དུ་རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་དང་ཕྱི་ལ་སྒོ་མོ་འབྱེད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་བཟུང་། རྒྱ་ནག་གི་དཔལ་འབྱོར་ཉམས་པ་མེད་པར་འཕེལ་རྒྱས་འགྲོ་ཐུབ་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་ཏེ་རྒྱ་ནག་གི་ལས་མི་ས་ཡ་མང་པོར་ལས་ཀའི་གོ་སྐབས་ཐོབ་པ་དང་ལོ་རེ་བཞིན་རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༡༤་རེ་འཕར་སྣོན་སོང་བའི་སྟབས་ཀྱིས་ཡིན་ཞིང་། གལ་སྲིད་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ཉི་ཧོང་སོགས་ཀྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཐུན་མོང་གི་སྲིད་ཇུས་ཤིག་འཛིན་ཐུབ་ན་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། དམག་གི་སྟོབས་ཤུགས་རྣམས་གཅོག་ཐུབ་རྒྱུ་ཡིན་རུང་ཡུ་རོབ་མཉམ་འབྲེལ་དང་ཉི་ཧོང་གིས་རྒྱ་ནག་ལ་ཨ་མི་རི་ཀ་དང་འདྲ་མཚུངས་ཀྱི་ཚོང་ལས་སྲིད་ཇུས་ཤིག་འཛིན་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་ཡིན་པས་རྒྱ་ནག་གི་ཚོང་ལས་ལ་ཕྱོགས་ཡོངས་ནས་དཀའ་ངལ་འཕྲད་སྲིད་པའི་རྣམ་པ་མེད་མོད། འོན་ཀྱང་རྒྱ་ནག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་གྱི་གསང་བ་རྣམས་རྒྱ་ནག་ལ་མཁོ་སྤྲོད་བྱེད་པའམ། ཡང་ན་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་བསླབ་དགོས་ཞེས་བཙན་བཀའ་གཏོང་གི་ཡོད་པས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཡོད་དོ་ཅོག་ལ་དཀའ་ངལ་གཅིག་མཚུངས་ཤིག་འཕྲད། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ཅིག་རྒྱ་ནག་ནས་ཝི་ཏེ་ནམ་དང་ཧྥི་ལི་ཕིན། ཨིན་རྡུ་ནེ་ཤི་ཡ་སོགས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཁག་ལ་སྤོར་གྱི་ཡོད་པ་རེད།།

XS
SM
MD
LG