ངོ་འཕྲད་བདེ་བའི་དྲ་འབྲེལ།

གསར་འགོད་པ་ཁ་ཞོ་གྷི་ལྐོག་གསོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། སོ་ཌི་ཨ་རེ་བྷི་ཡའི་གསར་འགོད་པ་གྲགས་ཅན་ཁ་ཞོ་གྷི་ཉེ་ཆར་སྤྱི་ཟླ་༡༠་ཚེས་༢་ཉིན་ཏུར་ཀི་རྒྱལ་ཁབ་ཏུ་བཅའ་སྡོད་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་དུ་ཡིག་ཆ་ཞིག་ལེན་དུ་ཕྱིན་པའི་རྗེས་སུ་ཕྱིར་ལོག་མེད་པར་གྱུར་ཅིང་། ད་ལྟ་ཉིན་གྲངས་༡༠་ལྷག་ལ་གར་སོང་ཆ་མེད་དུ་གྱུར་ནས་གསར་འགོད་པ་དེ་འཆི་གསོན་ཅི་ཡིན་རྩད་གཅོད་ཐུབ་པ་དང་། དེ་རིང་ཕྱི་ཟླ་༡༠་ཚེས་༡༢་ཉིན་ཏུར་ཀིའི་གཞུང་གིས་ཞིབ་འཇུག་བྱས་ནས་རྩོད་གཅོད་ཐུབ་པ་ལྟར་ན་གསར་འགོད་པ་ཁ་ཞོ་གྷི་བདུན་ཕྲག་གཅིག་གི་སྔོན་ལ་ཏུར་ཀི་རྒྱལ་ཁབ་ཀྱི་ཨི་སི་ཊན་པུ་གྲོང་ཁྱེར་དུ་བཅའ་སྡོད་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་དུ་ལྐོག་གསོད་བྱས་འདུག གསར་འགོད་པ་དེ་ལྐོག་གསོད་བྱས་པའི་དཔང་རྟགས་རྣམས་ཏུར་ཀི་རྒྱལ་ཁབ་ཀྱིས་ཉར་འཛིན་བྱས་ཡོད། སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་གི་ཉེ་འཁྲིས་ཀྱི་བརྙན་མིག་བརྒྱུད་ནས་བླངས་པའི་བརྙན་པར་དང་སྒྲ་སྐད་བཅས་ཀྱི་བདེན་དཔང་ཡོད། ད་དུང་སྐབས་དེར་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་དུ་འཁྲུག་རྩོད་དང་འཛིང་རེས་ཤོར་ཡོད་པའི་གནས་ཚུལ་རྣམས་ཀྱང་ཤེས་རྟོགས་བྱུང་ཡོད་པར་མ་ཟད། གསར་འགོད་པ་ཁ་ཞོ་གྷི་ལྐོག་གསོད་བྱེད་བཞིན་པའི་སྐབས་ཀྱི་གནས་ཚུལ་ཡང་བདེན་དཔང་གསལ་སྟོན་བྱེད་ཐུབ་ཅེས་གནས་ཚུལ་སྤེལ་འདུག

ད་སྔ་སི་ཌི་ཨ་རེ་བྷི་ཡའི་གཞུང་གིས་གསར་འགོད་པ་ཁ་ཞོ་
གྷི་ཕྱི་དྲོ་དེར་དོན་གཅོད་ཁང་ནས་ཕྱིར་ལོག་བྱས་ཡོད་ཅེས་འགྲེལ་བཤད་རྒྱག་གི་ཡོད་ཀྱང་སྐབས་དེར་ཕྱི་ལོགས་སུ་སྒུག་བསྡད་ཡོད་པའི་གསར་འགོད་པ་དེའི་གཉེན་རྟགས་བརྒྱབ་མ་ཐག་པའི་ཆུང་མས་རང་གི་ཁྱོ་ག་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་དུ་འཛུལ་བའི་རྗེས་སུ་སླར་ཡང་ཕྱི་ལ་གཏན་ནས་སླེབས་མ་སོང་། ཁོ་པ་དོན་གཅོད་ཁང་དུ་འཛུལ་དུས་ངའི་ལག་ཏུ་ཁ་པར་གཉིས་བཞག་སོང་། གལ་སྲིད་ང་ཕྱི་ལ་མ་ཐར་ན་ཏུར་ཀིའི་སྲིད་འཛིན་ཨེར་ཏོ་གྷན་ལ་ཁ་པར་བཏང་ནས་གནས་ཚུལ་འགྲེལ་བཤད་རྒྱག་དགོས་པའི་མངགས་བཀོད་བྱས་སོང་ཞེས་བཤད་འདུག ཏུར་ཀིའི་གཞུང་གིས་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་ལ་གསར་འགོད་པ་ཁ་ཞོ་གྷི་ཉིན་དེར་ཕྱིར་ལོག་བྱས་ཡོད་པའི་བདེན་དཔང་སྟོན་དགོས་ཟེར་གྱིན་ཡོད་ཀྱང་བདེན་དཔང་ཅི་ཡང་སྟོན་ཐུབ་མེད་པ་རེད།

གསར་འགོད་པ་ཁ་ཞོ་གྷིས་འདས་པའི་ལོ་མང་རིང་སོ་ཌི་ཨ་རེ་བྷི་ཡ་དང་དཀྱིལ་ཤར་ས་ཁུལ་གྱི་གསར་འགྱུར་མང་པོ་སྤེལ་ནས་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་རྩོམ་ཡིག་མང་པོ་བཀོད། ཁོང་གིས་སོ་ཌི་ཨ་རེ་བི་ཡའི་གཞུང་ལ་སྐྱོན་བརྗོད་དང་རྒྱལ་ཁབ་དེའི་དབང་འཛིན་ཁྱིམ་ཚང་རྒྱལ་པོ་ཚང་ལ་སྐྱོན་བརྗོད་བྱེད་ཀྱི་རྩོམ་ཡིག་མང་པོ་སྤེལ་པས་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་གསར་འགོད་པ་ཁ་ཞོ་གྷི་རང་ཡུལ་ལ་ཕྱིར་འགུགས་བྱས་ནས་ཁ་འགོག་ཐབས་བྱ་དགོས་ཀྱིན་འདུག་ཅེས་གྲོས་བསྡུར་བྱེད་ཀྱི་ཡོད་པའི་ཁ་པར་གྱི་སྐད་ཆ་རྣམས་ཨ་མི་རི་ཀས་སྒྲ་འཇུག་བྱས་ཡོད་པ་དང་། ཏུར་ཀིའི་གཞུང་གིས་སོ་ཌི་ཨ་རེ་བྷི་ཡའི་ཕྱི་འབྲེལ་དོན་གཅོད་ཁང་དུ་གསར་འགོད་པ་ཁ་ཞོ་གྷི་བསད་ནས་ཕུང་པོ་དུམ་པུར་འཐག་སྟེ་འགྱིག་ཤོག་ཁུག་མ་ནག་པོའི་ནང་དུ་བླུགས་ནས་མེད་པར་བཏང་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG