ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་ཧྥི་རི་ཀ་རྒྱ་ནག་གི་བུ་ལོན་འོག་ཏུ་ཚུད་སྲིད་པའི་ཉེན་ཀ


༄༅།།རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན་ཨ་ཧྥི་རི་ཀའི་དབུལ་ཕོངས་རྒྱལ་ཁབ་ཁག་ལས་བརྒྱ་ཆ་༤༠་ལྷག་རྒྱལ་ཁབ་གཞན་ལ་བུ་ལོན་ཆད་ཡོད་པའི་དཀའ་ངལ་འོག་ནས་ཐར་ཐུབ་ཀྱི་མེད་པའམ། ཡང་ན་རྒྱལ་ཁབ་དེ་རྣམས་བུ་ལོན་ནང་དུ་ཚུད་པའི་ལམ་ཕྱོགས་དེར་སྐྱོད་ཀྱི་ཡོད་ཅིང་། ཨ་ཧྥི་རི་ཀའི་དབུལ་ཕོངས་རྒྱལ་ཁབ་ཁག་ལ་དངུལ་སྒོར་བུ་ལོན་སྐྱི་མཁན་གཙོ་བོ་ཞིག་རྒྱ་ནག་ཡིན་པ་སྟེ། རྒྱ་ནག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གནམ་ཐང་དང་གྲུ་ཁ་གསར་པ་སོགས་འཛུགས་སྐྲུན་བྱས་ནས་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ཏེ་གནས་སྐབས་རིང་ཕྱོགས་གཉིས་ཀར་ཁེ་ཕན་ཆེན་པོ་ཡོད་པའི་རྣམ་པ་ཞིག་མངོན་རུང་མཐར་ཐུག་ཨ་ཧྥི་རི་ཀའི་དབུལ་ཕོངས་རྒྱལ་ཁབ་ཁག་རྒྱ་ནག་གི་བུ་ལོན་འོག་ནས་ཐར་མ་ཐུབ་པར་རྒྱ་ནག་གི་མི་སེར་སྤེལ་ཡུལ་ལྟ་བུ་ཞིག་ལ་འགྱུར་སྲིད་པའི་ཉེན་ཀ་འདུག་ཅེས་ཞིབ་འཇུག་སྙན་ཐོ་བཏོན་འདུག

ཁེ་ཎི་ཡ། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁེ་ཎི་ཡའི་རྒྱལ་ས་ནེ་རོ་བྷི་གྲོང་ཁྱེར་གྱི་གཞུང་གི་ལས་ཁུངས་ཁག་དང་འཛུགས་སྐྲུན་གྱི་རྣམ་པ་དེར་ཐལ་མདོག་ཤར་ནས་དབྱིན་ཇིའི་མི་སེར་སྤེལ་བའི་དབང་སྒྱུར་དུས་སུ་འཛུགས་སྐྲུན་བྱས་པའི་རྣམ་པ་དེར་འགྱུར་བ་མེད་ཀྱང་རྒྱལ་ས་ནེ་རོ་བྷིའི་མེ་འཁོར་འབབ་ཚུགས་དང་འགྲིམ་འགྲུལ་གྱི་མེ་འཁོར་རྣམས་དེང་རབས་ཅན་དུ་བསྒྱུར་ཡོད་ཅིང་། རྒྱལ་ས་ནེ་རོ་བྷི་ནས་ཁེ་ཎི་ཡའི་མཚོ་ཁའི་གྲོང་ཁྱེར་མོམ་བྷ་ས་བར་དུ་དབྱིན་ལེ་༢༩༣་ཡོད་པའི་མེ་འཁོར་ལྕགས་ལམ་གསར་པ་ཞིག་འཛུགས་སྐྲུན་བྱས་ཡོད་པ་ནི་ཁེ་ཎི་ཡར་རང་བཙན་ཐོབ་ནས་ལོ་༥༤་རྗེས་སུ་བྱུང་བའི་འཛུགས་སྐྲུན་གྱི་བྱ་གཞག་ཆེན་པོ་ཞིག་ཡིན་པར་མ་ཟད། ཁེ་ཎི་ཡ་རྒྱལ་ཡོངས་སུ་དེང་རབས་ཀྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྒོ་འབྱེད་ཐུབ་པའང་ཐེངས་དང་པོ་ཡིན། ༢༠༡༧་ལོར་རྒྱ་ནག་གིས་ཁེ་ཎི་ཡར་ཨ་སྒོར་ཐེར་འབུམ་༥༣་བུ་ལོན་བསྐྱིས་པ་དེའི་ཁོངས་ནས་ཨ་སྒོར་ཐེར་འབུམ་༣༢་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་དེར་འགྲོ་གྲོན་བཏང་བར་བརྟེན། དེང་སྐབས་ཁེ་ཎི་ཡའི་རྒྱལ་ས་ནས་མཚོ་ཁའི་གྲོང་ཁྱེར་མོམ་བྷ་ས་བར་དུ་དངོས་ཟོག་སྐྱེལ་འདྲེན་དང་མི་མང་འགྲིམ་འགྲུལ། ཚོང་ལས་གསར་པ་ཚུགས་ནས་ཡར་རྒྱས་ཀྱི་རྣམ་པ་ཞིག་ལྡན་རུང་མེ་འཁོར་གྱི་ཁང་མིག་རེ་རེའི་ནང་དུ་རྒྱ་ནག་གི་རྒྱལ་དར་དང་ཁེ་ཎི་ཡའི་རྒྱལ་དར་གྱི་འདྲ་པར་གཉིས་མཉམ་གཤིབ་བྱས་ནས་སྦྱར་འདུག ཁེ་ཎི་ཡའི་གཞུང་གིས་རྒྱ་ནག་ལ་བུ་ལོན་འཇལ་བར་མ་འོངས་པའི་ལོ་མང་རིང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཁེ་ཎི་ཡའི་མེ་འཁོར་ལྕགས་ལམ་དང་མེ་འཁོར་འགྲིམ་འགྲུལ་གྱི་ཚོང་ལས་སྒེར་སྡོམ་བྱེད་ཆོག་པའི་ཐོབ་ཐང་སྤྲད་ཡོད་པ་རེད།

གྷ་ན། ཟླ་བ་སྔོན་མར་ཨ་ཧྥི་རི་ཀའི་རྒྱལ་ཁབ་གྷ་ནའི་གཞུང་དང་རྒྱ་ནག་གཉིས་ཀྱིས་ཨ་སྒོར་ཐེར་འབུམ་༢༣་གྱི་བུ་ལོན་ཞིག་དང་ཨ་སྒོར་དུང་ཕྱུར་༣་དང་བྱེ་བ་ལྔའི་ལས་འཆར་གཉེར་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་དེ་རྒྱ་ནག་གིས་གྷ་ནའི་གྲུ་ཁ་དང་མཚོ་ལམ་སྐྱེལ་འདྲེན་སོགས་ལ་མཁོ་བའི་རྨང་གཞིའི་མཐུན་རྐྱེན་ཁག་འཛུགས་སྐྲུན་དང་རང་བྱུང་སོལ་རླངས་གཤེར་གཟུགས་སུ་བསྒྱུར་པའི་ལས་འཆར་གཉེར་རྒྱུའི་ཐག་གཅོད་བྱུང་འདུག གྷ་ནའི་སྲིད་འཛིན་ཨ་ཁུ་ཧྥོ་ཨེ་ཌོ་ཡིས་རྒྱ་ནག་ནི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་ཡིན་པས་རྒྱལ་ཁབ་ཚང་མས་རྒྱ་ནག་ལ་ཚོང་འབྲེལ་འཛུགས་ཀྱིན་འདུག ང་ཚོས་ཀྱང་རང་གི་རྐང་པའི་ཐོག་ཏུ་ལངས་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐྱོབ་གསོ་འབའ་ཞིག་ལ་བརྟེན་ནས་ནམ་ཡང་ཁུངས་འཁྱོལ་ཐབས་མེད། ང་ཚོ་སྐྱོབ་གསོ་ལ་བརྟེན་པ་དེར་འབྲས་བུ་བཟང་པོ་ཞིག་སྨིན་མེད་ཅེས་རྒྱ་ནག་གི་ལག་ནས་བུ་ལོན་སྐྱི་བཞིན་ཡོད་པར་དག་སྐྱེལ་བྱས་ཀྱང་རྒྱ་ནག་གིས་ལོ་བཅུ་ཕྲག་མང་པོར་བུ་ལོན་འཇལ་མི་ཚར་པའི་ལྐོག་ཇུས་ཤིག་བཏིངས་པའི་ཚོང་ལས་གྲོས་མཐུན་དེར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་ཤེས་ཡོན་ཅན་དང་ཉམས་ཞིབ་པ་ཚོ་དགའ་མོས་མེད་ཅིང་། འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་སོགས་ཀྱིས་རྒྱ་ནག་གི་བུ་ལོན་དེར་དོགས་ཟོན་བྱ་དགོས་ཞེས་ཉེན་བརྡ་བཏང་འདུག

ཇཱི་བྷུ་ཊི། རྒྱ་ནག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་གྷ་ནར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ཁྱིམ་མཚེས་རྒྱལ་ཁབ་ཨི་ཐོ་ཕི་ཡ་དང་ཇཱི་བྷུ་ཊི་གཉིས་ལའང་མཐུད་རྒྱུ་ཡིན་ཞིང་། མཐར་སེ་ན་གྷལ་ཡང་ཨ་ཧྥི་རི་ཀ་གླིང་ཡོངས་ཀྱི་རྒྱ་ལམ་འཛུགས་སྐྲུན་ཁོངས་སུ་ཚུད་རྒྱུ་རེད། ཡིན་ནའང་ཨ་མི་རི་ཀའི་ཉམས་ཞིབ་པ་གྷ་རེན་ཊི་ཧ་རི་སིའི་བློ་འཚབ་ཆེ་ཤོས་ནི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཇཱི་བྷུ་ཊི་རྒྱ་ནག་གི་བུ་ལོན་འོག་ནས་ཐར་མི་ཐུབ་པའི་རྒྱ་རྙི་ཞིག་ལ་ཚུད་ཀྱི་ཡོད་པ་སྟེ། རྒྱ་ནག་གིས་ཇཱི་བྷུ་ཊིར་བུ་ལོན་བསྐྱིས་པའི་གྲངས་འབོར་ནི་རྒྱལ་ཁབ་དེའི་སྤྱི་ཡོངས་དཔལ་འབྱོར་ཐོན་འབོར་གྱི་བརྒྱ་ཆ་༥༠་ནས་༨༥་ཙམ་ཟིན་གྱིན་འདུག ད་དུང་དེ་ལས་ཉེན་ཀ་ཆེ་བ་ཞིག་ལ་རྒྱ་ནག་གིས་བུ་ལོན་སྐྱི་སྟངས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་བུ་ལོན་སྐྱི་སྟངས་དང་མ་འདྲ་བར་ཕྱི་གསལ་ནང་གསལ་མེད་པ། བུ་ལོན་གྱི་གྲོས་མཐུན་དེའི་ཞིབ་ཆ་ཁག་གསང་བ་ཡིན་པ་དང་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་འཕོག་གི་ཡོད་མེད་དེར་ཞིབ་འཇུག་བྱ་མི་དགོས་པ། ས་གནས་དེའི་ཡུལ་མི་ལ་དོ་ཕོག་འགྲོ་རྒྱུ་ཡིན་མིན་དེར་བསམ་བློ་གཏོང་མི་དགོས་པ་རེད། དཔེར་ན་སིངྒ་ལ་རྒྱ་ནག་གི་བུ་ལོན་འོག་ཏུ་ཚུད་ནས་བུ་ལོན་འཇལ་མ་ཐུབ་པར་སིངྒ་ལའི་དམག་དོན་ལ་གནད་འགག་ཆེ་བའི་གྲུ་ཁ་ཞིག་ལོ་༩༩་རིང་དུ་རྒྱ་ནག་ལ་གླ་དགོས་ཐུག་ཡོད་ཅེས་ཉེན་བརྡ་བཏང་འདུག

ཛམ་བྷི་ཡ། གཟའ་འཁོར་འདིར་རྒྱ་ནག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཛམ་བྷི་ཡར་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་མེད་ཀྱི་དཔེ་མཚོན་གསུམ་ཐོན་ཡོད་པ་སྟེ། དང་པོ་དེར་ཛམ་བྷི་ཡའི་བདེ་འཇགས་སྲུང་སྐྱོབ་པ་གླ་གཏོང་བཟོ་ཚོང་ཁང་ཞིག་གི་བདེ་འཇགས་མི་སྣ་ཚོར་རྒྱ་ནག་པ་འགའ་ཞིག་གིས་ཁྲིམས་འགལ་ཐོག་ཏུ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པའི་དོགས་གཞིའི་འོག་ཏུ་རྒྱ་ནག་པ་དེ་རྣམས་འཛིན་བཟུང་བྱས་འདུག གཉིས་པ་དེར་རྒྱ་ནག་དང་ཨ་ཧྥི་རི་ཀའི་འབྲེལ་བར་ཞིབ་འཇུག་བྱེད་མཁན་ཁེ་ཎི་ཡའི་ཁྲིམས་རྩོད་པ་ཞིག་ཛམ་བྷི་ཡའི་ཚོགས་འདུ་ཞིག་ལ་གཏམ་བཤད་བྱེད་དུ་ཕེབས་ཀྱང་ཁྲིམས་རྩོད་པ་དེ་ཛམ་བྷི་ཡའི་གཞུང་གིས་ས་མཚམས་ནས་བཀག་སྟེ་ཕྱིར་ལོག་བྱས་འདུག གསུམ་པ་ནི་ཛམ་བྷི་ཡ་རྒྱལ་ཁབ་ཀྱི་ཚགས་པར་ཆེ་ཤོས་ཏེ། ཛམ་བྷི་ཡའི་དུས་བབ་ཚགས་པར་ནི་དབྱིན་ཡིག་ཏུ་དཔར་འགྲེམ་བྱེད་ཀྱི་ཡོད་ཀྱང་དེ་རིང་གཟའ་མིག་དམར་ནས་རྒྱལ་ཁབ་དེའི་ཚགས་པར་ནང་དུ་རྒྱ་ནག་གི་གསར་འགྱུར་དང་རྩོམ་ཡིག་སྤེལ་རྒྱུ་འགོ་ཚུགས་ཏེ་ཛམ་བྷི་ཡ་རྒྱ་ནག་གི་མི་སེར་སྤེལ་ཡུལ་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་རྣམ་པ་ཞིག་ཐོན་ཡོད་པས་རྒྱལ་ཁབ་དེའི་མི་དམངས་ཀྱིས་མ་འདོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་གྱི་ཡོད་པ་རེད། དུས་རབས་སྔོན་མའི་ལོ་རབས་༩༠་བ་ནས་རྒྱ་ནག་གིས་ཛམ་བྷི་ཡའི་ཟངས་ཀྱི་གཏེར་ཁ་ཁག་དང་གཏེར་རྫས་དཀོན་རིགས་ཀྱི་ལས་གྲྭ་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་འགོ་ཚུགས། དེང་སྐབས་ཉུང་མཐའ་ཡང་རྒྱ་ནག་པ་འབུམ་གཅིག་ཙམ་ཛམ་བྷི་ཡའི་ས་ཐོག་ཏུ་གཞིས་ཆགས་ནས་ཚོང་གཉེར་ལས་གྱི་ཡོད་པ་དང་། ༢༠༡༧་གྱི་ལོ་མཇུག་དེར་ཛམ་བྷི་ཡ་རྒྱལ་ཁབ་ཀྱིས་ཁྱོན་བསྡོམས་རྒྱལ་ཁབ་གཞན་ལ་ཨ་སྒོར་ཐེར་འབུམ་༨༧་གྱི་བུ་ལོན་ཆད་པ་དེའི་ཁོངས་སུ་རྒྱ་ནག་གཅིག་པུར་ཨ་སྒོར་ཐེར་འབུམ་༦༤་བུ་ལོན་ཆད་པས་ཛམ་བྷི་ཡའི་གཞུང་གིས་རང་གི་རྒྱལ་ཁབ་དེའི་གཏེར་ཁ་མང་ཆེ་བར་རྒྱ་ནག་གིས་སྒེར་སྡོམ་བྱེད་ཆོག་པའི་ཐོབ་ཐང་སྤྲད་འདུག གོང་དུ་བཀོད་པའི་རྒྱལ་ཁབ་བཞི་ནི་རྒྱ་ནག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་རྒྱ་སྐྱེད་དང་བུ་ལོན་རྒྱ་རྙི་ལྐོག་འཛུགས། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་རང་བྱུང་ཐོན་ཁུངས་རྣམས་སྒེར་སྡོམ་བྱེད་ཀྱི་ཡོད་པའི་དཔེ་མཚོན་ཙམ་ཡིན་ཞིང་། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་མིག་སྔའི་ཁེ་ཕན་འབའ་ཞིག་ལ་དམིགས་ནས་རྒྱ་ནག་གིས་བུ་ལོན་བསྐྱིས་པ་ལེན་རྐྱང་བྱས་ན་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཀྱང་སིངྒ་ལའི་རྗེས་སུ་སོང་སྟེ་རྒྱ་ནག་གི་བུ་ལོན་འོག་ནས་ཐར་ཐབས་མེད་པར་འགྱུར་སྲིད་ཅེས་ཉེན་བརྡ་བཏང་འདུག

XS
SM
MD
LG