ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུ་གུར་བའི་དཀའ་ངལ་དང་ཨ་རིའི་རྒྱབ་སྐྱོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཞིན་ཅང་དུ་སློབ་གསོ་བསྐྱར་མ་སྤེལ་ས་ཡིན་ཞེས་མིང་སྙན་པོ་ཞིག་བཏགས་ནས་བཀག་ཉར་ཁང་མང་པོ་བཙུགས་ཏེ་ཞིན་ཅང་གི་ཡུ་གུར་བ་སོགས་མི་ས་ཡ་གཅིག་ལྷག་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཡོད་ཅིང་། ཉེ་བའི་ལོ་རེ་ཟུང་གི་སྔོན་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་ལ་དམ་དྲག་དང་སྟངས་འཛིན་བྱ་རྒྱུ་ཤུགས་ཆེ་རུ་བཏང་བའི་སྟབས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདྲ་མིན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་གཏན་ནས་བཀག་ཉར་ཁང་བཙུགས་ཡོད་པ་ངོས་ལེན་བྱེད་ཀྱི་མེད་པར་རྒྱ་ནག་གིས་ཁ་གཏད་གཅོག་ཡུལ་ནི་ཞིན་ཅང་གི་ཁ་བྲལ་བ་དང་འཇིགས་སྐུལ་རིང་ལུགས་པ། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པ་རྣམས་ཡིན་ཞེས་འགྲེལ་བཤད་བརྒྱབ་སྟེ་ཞིན་ཅང་གི་ས་གནས་ཁག་ཏུ་འཚོ་གནས་བྱེད་བཞིན་པའི་ཡུ་གུར་མི་རིགས་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པར་མ་ཟད། ཕྱིའི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་ལ་བྲོས་པའི་ཡུ་གུར་བ་ཚོ་ལའང་དངངས་སྐྲག་དང་སེམས་འཚབ་ཆེན་པོ་སློང་གི་ཡོད་པ་རེད།

ཁོ་ཚོའི་གྲས་ཀྱི་མི་མང་པོ་ཞིག་གི་ནང་མི་རྣམས་རྒྱ་གཞུང་གིས་བཀག་ཉར་ཁང་དུ་བཅུག་པའམ། ཡང་ན་མི་སྐོར་ཞིག་གི་ནང་མི་རྣམས་གར་སོང་ཆ་མེད་དུ་གྱུར་ནས་འབྲེལ་བ་བྱེད་ཐུབ་ཀྱི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་སྟེ། ཉེ་ཆར་ཨ་རིའི་རླུང་འཕྲིན་ཁང་གིས་ཡུ་གུར་བ་བཟའ་མིར་དཀའ་ངལ་འཕྲད་ཡོད་པ་ཁག་ཅིག་ལ་བཅར་འདྲི་བྱས་པ་ལྟར་ན་དེང་སྐབས་ཏུར་ཀི་རྒྱལ་ཁབ་ལ་སྐྱབས་བཅོལ་ཞུས་ཡོད་པའི་ཡུ་གུར་བ་གྷོ་ཅིན་མོ་ཧ་མེཏ་ཅེས་པའི་སྐྱེས་མ་ཞིག་ལ་ལོ་ན་༡༦་ཏུ་སོན་པའི་བུ་ཞིག་ཡོད་པ་ཕ་ཡུལ་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཞིན་ཅང་གི་ཝུ་རུ་མུ་ཆིའི་གནམ་ཐང་དུ་འཛིན་བཟུང་བྱས་པ་དང་། ཁོ་པར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཏགས་ནས་ལོ་༡༣་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། སྤྱི་ལོ་༢༠༡༧་ལོའི་ཟླ་བ་༨་པ་བར་དུ་བུ་ཆུང་དེ་ལོ་ན་མ་སོན་པའི་ལོ་ཆུང་གི་བཙོན་ཁང་དུ་བཅུག་པ་དང་ད་ལྟ་དངོས་སུ་བཙོན་ཁང་དུ་བཅུག་ཡོད་ཅིང་། ཁོ་མོས་རང་གི་བུའི་ཉམས་མྱོང་ཐོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་ནག་ཉེས་མེད་པར་བཙོན་འཇུག་བྱེད་ཡོད་པའི་ཡུ་གུར་བ་རྣམས་སྐྱོབ་ཐབས་བྱ་དགོས་འབོད་སྐུལ་ཞུས་བཤད་འདུག

ད་དུང་ཏུར་ཀི་རྒྱལ་ཁབ་ཏུ་སྐྱབས་བཅོལ་ལ་བྲོས་ཡོད་པའི་བུད་མེད་གཞན་ཞིག་གིས་ཀྱང་རང་གི་བུ་མོ་ཕྱི་རྒྱལ་དུ་ཡོང་འཆར་ཡོད་པའི་རྐྱེན་གྱིས་རྒྱ་གཞུང་གིས་འཛིན་བཟུང་བྱས་སོང་། ངས་ཤེས་རྟོགས་བྱུང་དུས་བུ་མོ་བཙོན་འཇུག་བྱས་ཟིན་འདུག ཐ་ན་བུ་མོར་ས་གནས་གང་དང་དུས་ཚོད་ནམ་ཞིག་ལ་ཁྲིམས་ཐག་བཅད་པའང་ཤེས་རྟོགས་བྱུང་མ་སོང་ཞེས་བརྗོད་འདུག ཐེངས་འདིར་ཨ་རིའི་རླུང་འཕྲིན་ཁང་གིས་བཅར་འདྲི་བྱ་ཡུལ་དེ་དག་གི་གྲས་ཀྱི་ཁག་ཅིག་གི་ནང་མིར་དཀའ་ངལ་འཕྲད་ཡོད་པ་དང་མི་ཁ་ཤས་ཤིག་གིས་དངོས་སུ་རྒྱ་གཞུང་གི་ཉེན་རྟོག་པའི་ལག་ནས་མནར་གཅོད་མྱངས་མྱོང་ཡོད་ཅེས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་རེད། ཞིན་ཅང་གི་ཡུ་གུར་བ་མང་པོ་བཙོན་འཇུག་དང་བཀག་ཉར་དུ་ཚུད། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དེང་རབས་ཀྱི་འཕྲུལ་ཆས་སྣ་ཚོགས་བཀོལ་ནས་སྟངས་འཛིན་བྱེད་ཀྱི་ཡོད་ཅིང་། དཔེར་ན་ཉེ་ཆར་ཨ་རིའི་གཞུང་གིས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་གྱི་ཡོ་བྱད་ཕྱིར་ཚོང་བྱ་རྒྱུར་ཚོད་འཛིན་བྱ་དགོས་པའི་གནས་ཚུལ་སྤེལ།

ཨ་རིའི་ཚོང་དོན་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་སུ་འཕྲིན་ཡིག་ཅིག་ཕུལ་ཡོད་པའི་ནང་དུ་ཨ་རིའི་ཚོང་དོན་ལྷན་ཁང་གིས་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་སྡེ་ཚན་ཁག་ལ་གྲོས་བསྡུར་གྱིས་མ་འོངས་པར་རྒྱ་ནག་གི་མི་སྒེར་པ་དང་ཁེ་ལས་སོགས་ལ་བསྐྱར་ཞིབ་བྱས་ནས་ཨ་རིའི་ཕྱིར་ཚོང་སྲིད་ཇུས་ཁག་ཅིག་ལ་འགྱུར་བ་གཏོང་སྲིད། སྲིད་ཇུས་དེ་དག་གི་གྲས་སུ་རྒྱ་གཞུང་གིས་མི་དམངས་ལ་སྟངས་འཛིན་བྱེད་པར་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱེད་མི་ཆོག་ཅེས་བཀོད། ཨ་རིའི་གྲོས་ཚོགས་འཐུས་མི་མར་ཁོ་རུ་བྷི་ཡོ་ཡིས་ཟླ་སྔོན་མར་ཨ་རིའི་དབུས་ཚོང་དོན་ལྷན་ཁང་གི་འགན་འཛིན་རོ་སིའི་མཚན་ཐོག་ཏུ་སྙན་ཞུ་ཕུལ་ནས་རྒྱ་གཞུང་གིས་ཁ་ཆེ་གྲངས་ཉུང་མི་རིགས་ལ་མནར་གཅོད་གཏོང་བཞིན་པར་ཨ་རིའི་གཞུང་གིས་རྒྱ་ནག་ལ་ཉེས་ཆད་གཅོད་དགོས་པའི་རེ་བ་བཏོན། གལ་སྲིད་ཐེངས་འདིར་ཨ་རིས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱ་རྒྱུར་ཚོད་འཛིན་བྱས་པ་ཡིན་ན་ཨ་རིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཐ་ཞན་ཡོད་པར་ཉེས་ཆད་བཏང་བ་ཐོག་མ་དེར་འགྱུར་སྲིད་དོ།།

XS
SM
MD
LG