ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་དང་ཨ་རིའི་བདེ་འཇགས་གྲོས་མོལ་ཕར་འགྱངས།


༄༅།། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་འགལ་ཟླ་ཇེ་ཆེ་དང་ཐེ་ཝན་ལ་མཚོན་ཆ་ཕྱིར་ཚོང་། ཨ་མི་རི་ཀས་དམག་གྲུ་དང་དམག་གི་གནམ་གྲུ་ཁག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱེད་ཀྱི་ཡོད་པ་སོགས་ཀྱསི་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་ཏུ་བཏང་སྟེ། ད་ལྟ་ཨ་མི་རི་ཀ་དང་རྒྱ་ནག་གི་ལོ་རེའི་བདེ་འཇགས་གྲོས་མོལ་ཡང་ཕར་འགྱངས་བྱས་པ་ཡིན་ཞེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ཡོད་ལས་སྣེ་ཚོས་ཕྱི་ཟླ་༡༠་འདིར་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མོལ་ཐེངས་གཉིས་པ་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད། ཉེ་ཆར་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མོལ་ཕར་འགྱངས་བྱ་དགོས་པའི་རེ་བ་བཏོན་པས་ང་ཚོས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མོལ་ཕར་འགྱངས་བྱས་པ་ཡིན། པེ་ཅིང་དང་ཝ་ཤིང་ཊོན་གཉིས་ཀས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མོལ་ནམ་བྱ་དགོས་མིན་ལ་གྲོས་བསྡུར་རྒྱུན་འཁྱོངས་བྱ་རྩིས་ཡོད་ཅེས་བཤད་ཀྱང་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མོལ་ཕར་འགྱངས་བྱས་དོན་ཅི་ཡིན་གྱི་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་རེད།

སྔ་ལོ་ནས་རྒྱ་ནག་དང་ཨ་མི་རི་ཀའི་བདེ་འཇགས་དང་ཕྱི་འབྲེལ་གྲོས་མོལ་ཟེར་པའི་ཚོགས་འདུ་ཞིག་འགོ་ཚུགས། ཐོག་མའི་འཆར་གཞི་ལྟར་ན་ལོ་འདིའི་བདེ་འཇགས་དང་ཕྱི་འབྲེལ་གྲོས་མོལ་གྱི་ཚོགས་འདུ་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྲུང་དྲུང་ཆེ་གཉིས་མཉམ་ཞུགས་བྱ་འཆར་ཡོད་ཀྱང་བདུན་ཕྲག་འདིའི་གཟའ་ཉི་མར་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ལོ་འདིའི་བདེ་འཇགས་དང་ཕྱི་འབྲེལ་གྲོས་མོལ་ཕྱིར་འཐེན་བྱས་པ་ཡིན་ཞེས་བསྒྲགས། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་བདེ་འཇགས་དང་ཕྱི་འབྲེལ་གྲོས་མོལ་ཕྱིར་འཐེན་བྱ་དགོས་དོན་ཅི་ཡིན་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མེད་ཀྱང་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོངས་ཏེ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་དམིགས་ཡུལ་ལ་ཨ་མི་རི་ཀས་འགལ་ཟླ་བསླངས་སོང་། ཨ་མི་རི་ཀས་རྒྱལ་སྤྱིའི་མཚོ་ལམ་གྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན་རང་དབང་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ཅེས་རྒྱ་ནག་གིས་ལྷོ་རྒྱ་ནག་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དེ་དག་གི་ཉེ་འཁོར་དུ་དམག་གྲུ་བཏང་ནས་སྐོར་གཡེང་བྱེད་པའམ། ཡང་ན་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་དམག་གི་གྲུ་བཏང་ནས་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྩིས་མེད་གཏོང་གི་འདུག་ཅེས་ངོ་རྒོལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ད་དུང་ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་རྒྱ་ནག་ལ་འཚམས་འདྲིར་ཕེབས་འཆར་ཡོད་པའང་ཕྱིར་འཐེན་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་དམག་གི་འབྲེལ་བར་སྡུག་ཏུ་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་མངོན་མོད། འོན་ཀྱང་ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེས་རྒྱ་ནག་དང་ཨ་མི་རི་ཀའི་དམག་གི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པ་ཞིག་མཐོང་གི་མི་འདུག ངས་དུས་ཚོད་འོས་འཚམས་ཤིག་ལ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་གྲོས་མོལ་བྱ་འཆར་ཡོད་ཅེས་བཤད་ཀྱང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་ཅིག་ལངས་ནས་བཟུང་། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་འགལ་རྐྱེན་སྣ་མང་ཞིག་ཐེབས་ཀྱི་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཞོར་དུ་རྒྱ་ནག་དང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་གྲོས་མོལ་བྱས་པར་གཞིགས་ན་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་ཡི་མི་འདུག ང་ཚོས་འབྲེལ་བ་འདིར་ངོས་ལེན་བྱས་ནས་དེ་ལ་སྟངས་འཛིན་བྱ་རྒྱུ་སྦྱང་དགོས་ཞེས་བཤད། ཨ་མི་རི་ཀའི་དམག་གིས་གནམ་མཚོ་གཉིས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱེད་ཀྱི་ཡོད་པ་དང་ཐེ་ཝན་ཨ་སྒོར་དུང་ཕྱུར་༣་དང་བྱེ་བ་༣་གྱི་མཚོན་ཆ་བཙོགས། སྔོན་ཆད་ཨ་མི་རི་ཀས་ཐེ་ཝན་གྱི་དམག་གི་གནམ་གྲུ་ཁག་ལ་དགོས་ངེས་ཀྱི་ལྷུ་ལག་བཙོང་ཀྱི་མེད་པ་ལོ་འདིར་ལོ་བཙོང་རྒྱུའི་ཐག་གཅོད་བྱས་ནས་ཕྱོགས་གཉིས་ཀྱི་དམག་གི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པ་དང་། དེར་བརྟེན་ཨ་མི་རི་ཀའི་དམག་གྲུ་ཞིག་ཧོང་ཀོང་གི་གྲུ་ཁ་འབབ་འཆར་ཡོད་པའང་རྒྱ་ནག་གཞུང་གིས་བཀག་ནས་ཕྱིར་འཐེན་བྱས་ཡོད་པར་མ་ཟད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་སྐབས་སུ་རྒྱ་ནག་གིས་ཨ་མི་རི་ཀའི་ཚགས་པར་ཁག་ལ་དྲིལ་བསྒྲགས་སྤེལ་ནས་ཕྱི་ཟླ་༡༡་པའི་འོས་འདེམས་ལ་ཐེ་གཏོགས་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས། རྒྱ་ནག་གིས་ཨ་ཡོ་ཝ་མངའ་སྡེའི་ཚགས་པར་ཞིག་གི་ནང་དུ་ཨ་མི་རི་ཀའི་ཞིང་པ་ཚོའི་ཐོན་སྐྱེད་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་པ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པའི་རྐྱེན་གྱིས་ཡིན་ཞེས་ཨ་མི་རི་ཀའི་མི་དམངས་འོས་ཤོག་འཕེན་མཁན་ཚོར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་འོས་ཤོག་མ་འཕེན་ཟེར་པའི་གོ་རྒྱུ་བཏང་ཡོད་པ་རེད།།

XS
SM
MD
LG