ངོ་འཕྲད་བདེ་བའི་དྲ་འབྲེལ།

གུང་ཁྲན་རིང་ལུགས་ཀྱི་ལྷ་ཁང་ཞིག་གཏོར་བཤིག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཐེ་ཝན་གྱི་ནང་པའི་ལྷ་ཁང་ཞིག་རྒྱ་ནག་དམར་ཤོག་གཞུང་གི་ལྟ་བ་ཁྱབ་སྤེལ་བྱ་ཡུལ་ཞིག་ཏུ་གྱུར། ལྷ་ཁང་དེའི་བདག་པོས་ལྷ་ཁང་རྒྱ་སྐྱེད་བཏང་ནས་སྐུ་གསུང་ཐུག་རྟེན་གྱི་ཚབ་ཏུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོའི་འདྲ་པར་བཤམས་པས་ཐེ་ཝན་གྱི་ས་གནས་དེའི་རྫོང་སྲིད་གཞུང་གིས་ལྷ་ཁང་དེ་བཤིག་བཞིན་ཡོད་པ་རེད། ཐེ་ཝན་མཚོ་གླིང་དུ་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་ཡོད་ཀྱང་ཐེ་ཝན་གཞུང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་པའི་འགན་དབང་ཡོད་ཅེས་ས་གནས་གཞུང་གི་འགྲེལ་བཤད་བརྒྱབ་འདུག

ལོ་ངོ་༩༠་ལྷག་གི་ལོ་རྒྱུས་ལྡན་པའི་ཐེ་ཝན་གྱི་ཐེ་ནན་ཁོངས་སུ་གཏོགས་པའི་པེ་ཡོན་ནང་བའི་ལྷ་ཁང་དེ་ཚོང་པ་ཝེན་མེན་ཅེན་ཞེས་པ་ཞིག་གིས་ལོ་ཤས་སྔོན་དེར་ཉོས། ཁོ་པས་ལྷ་ཁང་རྒྱ་སྐྱེད་བཏང་བ་དང་ལྡེབས་རིས་ངོས་སུ་ཡོད་པའི་ནང་བའི་སྐུ་བརྙན་རྣམས་མར་ཕབ་པའི་ཚབ་དེར་ཞིས་ཅིན་ཕིང་དང་ཀྲུག་ཨེན་ལེན། མའོ་ཙེ་ཏུང་སོགས་རྒྱ་ནག་དམར་ཤོག་འགོ་ཁྲིད་རིམ་པའི་འདྲ་པར་བཤམས་པ་དང་དགོན་པའི་བཙུན་མ་ཚོ་ལོགས་སུ་བཀར། ནང་བའི་ལྷ་ཁང་དེའི་མིང་ལ་སྒྱུར་བཅོས་ཀྱི་སྤྱི་ཚོགས་རིང་ལུགས་དང་མི་རིགས་རིང་ལུགས། རྒྱལ་ཞེན་རིང་ལུགས་ཀྱི་སློབ་གསོའི་ལྟེ་གནས་ཞེས་མིང་བཏགས་ཏེ་ལྷ་ཁང་གི་ཕྱོགས་མཐའ་སོ་སོར་རྒྱ་ནག་གི་སྐར་ལྔའི་རྒྱལ་དར་དམར་པོ་བསྒྲེངས། ནང་པའི་ལྷ་ཁང་དེའི་བདག་པོས་ལོ་ཤས་གོང་ནས་འདི་ལྟ་བུའི་བྱ་སྤྱོད་རིམ་པ་ཞིག་སྤེལ་བར་ས་གནས་མང་ཚོགས་ཀྱིས་མ་འདོད་པའི་རྣམ་འགྱུར་སྟོན་བཞིན་ཡོད་ཅིང་། ཡང་ཐེ་ཝན་རང་བཙན་གྱི་ལྟ་བ་འཛིན་མཁན་ཚོས་ཀྱང་གུང་ཁྲན་རིང་ལུགས་ཀྱི་ནང་པའི་ལྷ་ཁང་དེར་ངོ་རྒོལ་བྱས་པ་དང་། ཐེ་ཝན་མི་དམངས་ལ་སྨྲ་བརྗོད་དང་བསམ་བློའི་རང་དབང་ཡོད་པས་ཐེ་ཝན་གཞུང་གིས་བཙན་ཤེད་ཀྱིས་ལྷང་ཁང་དེར་བཀག་སྡོམ་བྱ་ཐུབ་མེད་ཀྱང་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་ས་གནས་དེའི་སྲིད་གཞུང་གིས་ཆེད་ལས་མི་སྣ་དང་འཕྲུལ་འཁོར་བཏང་ནས་ལྷ་ཁང་དེ་བཤིག་མགོ་བརྩམས། ལྷ་ཁང་དེའི་བདག་པོས་སྔར་ཡོད་ལྷ་ཁང་ཆུང་ཆུང་དེའི་ཤུལ་དེར་ས་ཁོངས་ཆེན་པོ་བཅད་བཟུང་གིས་ཆོག་མཆན་མེད་པར་ལྷ་ཁང་རྒྱ་སྐྱེད་བཏང་ཡོད་པའི་འགྲེལ་བརྗོད་བྱས་འདུག

XS
SM
MD
LG