ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་བའི་བདེ་སྡུག་དོན་དུ་ཁ་ཆེ་ཚོས་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ས་ཡ་གཅིག་ལྷག་སློབ་གསོ་བསྐྱར་མ་སྤེལ་ཡུལ་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ནས་ལུས་སེམས་གཉིས་ལ་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། དེ་རིང་སྤྱི་ཟླ་༩་པའི་ཚེས་༢༦་ཉིན་པ་ཀི་སི་ཐན་གྱི་སྐྱེས་པ་གཉིས་པེ་ཅིང་དུ་བཅའ་སྡོད་པ་ཀི་སི་ཐན་གྱི་གཞུང་ཚབ་ཁང་དུ་ཕྱིན་ནས་ཞིན་ཅང་དུ་ཡོད་པའི་རང་གི་བཟའ་ཟླ་རྣམས་པ་ཀི་སི་ཐན་ལ་ཕྱིར་ལོག་ཏུ་བཅུག་ནས་བཟའ་མི་ལྷན་འཛོམས་ཡོང་བར་པ་ཀི་སི་ཐན་གྱི་གཞུང་ཚབ་ཁང་གིས་རོགས་རམ་བྱ་དགོས་པ་དང་རྒྱ་ནག་གཞུང་ལ་སྐུལ་ལྕག་དགོས་ཞེས་འབོད་སྐུལ་ཞུས་འདུག ཁོ་ཚོས་ཞུ་དོན་གཙོ་བོ་ནི་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོ་ཕྱི་རྒྱལ་ལ་བསྐྱོད་མི་ཆོག་པའི་བཀག་སྡོམ་བྱས་ནས་བཟའ་ཟླ་རྣམས་ཞིན་ཅང་དུ་འགགས་ནས་པ་ཀི་སི་ཐན་ལ་ཕྱིར་ལོག་ཐུབ་ཀྱི་མི་འདུག པ་ཀི་སི་ཐན་བ་སྐྱེས་པ་དེ་དག་གི་གཅིག་གི་ཆུང་མ་ན་ནིང་༢༠༡༧་ལོར་པ་ཀི་སི་ཐན་ནས་རྒྱ་ནག་ལ་ཕྱིར་ལོག་བྱས་པའི་རྗེས་སུ་ཆབ་སྲིད་ཀྱི་བསམ་བློ་སྒྱུར་བཀོད་བྱ་ཡུལ་བཀག་ཉར་ཁང་དུ་བཅུག ཕྱིས་སུ་ཁོ་མོ་གློད་གྲོལ་བཏང་རུང་ཆུང་མ་དང་བུ་མོ་ལོ་ན་བཞི་ལ་སོན་པ་ཞིག་གི་ཕྱི་སྐྱོད་ལམ་ཡིག་ཕྱིར་བསྡུ་བྱས་ནས་བཟའ་མི་ལྷན་འཛོམས་བྱུང་མེད། མི་གཞན་པ་དེའི་བཟའ་ཟླ་དང་བུ་ཕྲུག་རྣམས་པ་ཀི་སི་ཐན་ལ་ཕྱིར་ལོག་བྱེད་དུ་མ་བཅུག་པར་མ་ཟད། རྒྱ་ནག་གཞུང་གིས་ཉུང་མཐར་ཡང་པ་ཀི་སི་ཐན་གྱི་སྐྱེས་པ་༣༨་ཀྱི་ཆུང་མ་རྣམས་ཞིན་ཅང་དུ་བཀག་ཉར་བྱས་འདུག

པ་ཀི་སི་ཐན་གྱི་དབུས་གཞུང་ཆོས་ལུགས་ལས་དོན་ལྷན་ཁང་གི་འགོ་ཁྲིད་ཀྱིས་ཞིན་ཅང་གི་གནས་སྟངས་ཐད་དུ་རྒྱ་ནག་གཞུང་གིས་ཆོས་ལུགས་འཆམ་མཐུན་ཡོང་བའི་ཆེད་དུ་བཟོད་བསྲན་ཆེན་པོ་བྱ་དགོས། མཐའ་ལྷུང་རིང་ལུགས་པར་ཁ་གཡར་ནས་མི་ཚང་མར་ཚད་ལས་བརྒལ་བའི་དབྱུག་པ་ལེབ་རྡུང་གི་ཁྲིམས་གཅོད་བྱས་ན་མི་ལེགས་ཞེས་པེ་ཅིང་དུ་བཅའ་སྡོད་པ་ཀི་སི་ཐན་གྱི་གཞུང་ཚབ་བརྒྱུད་ནས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས། འདི་ནི་པ་ཀི་སི་ཐན་གྱིས་ཐེངས་དང་པོར་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ཚད་ལས་བརྒལ་བའི་དམ་དྲག་བྱེད་བཞིན་པར་མི་དགའ་བའི་རྣམ་འགྱུར་བསྟན་པ་ཞིག་ཡིན་ཞིང་། ཁ་ཆེ་རྗེས་འཇུག་པ་ཡིན་པའི་ཞིན་ཅང་ཡུ་གུར་རིགས་ཀྱི་གནས་སྟངས་ཐད་དུ་འཛམ་གླིང་རྒྱལ་ཁབ་ཁག་དང་ཚོགས་སྡེ་འདྲ་མིན་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་མོད། འོན་ཀྱང་ཁ་ཆེའི་རྒྱལ་ཁབ་ཁག་གིས་མངོན་གསལ་དོད་པོའི་སྒོ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པ་མཐོང་ཐོས་དཀོན། རྒྱ་ནག་གཞུང་གིས་ཞིན་ཅང་ལ་དམ་དྲག་བྱས་པས་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་ཁ་ཛག་སི་ཐན་གྱི་སྤྱི་དམངས་སྒེར་བའི་བཟའ་ཟླ་དང་ཉེ་འབྲེལ་སོགས་ཀྱི་འགྲིམ་འགུལ་ལའང་དཀའ་ངལ་འཕྲད་འདུག གཞན་ཡང་ཞིན་ཅང་གི་གནས་སྟངས་ཐད་དུ་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་བྷམ་བྷེའི་ཁ་ཆེ་༡༥༠་ལྷག་གིས་རྒྱ་གཞུང་ལ་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བསམ་བློ་སྒྱུར་བཀོད་བྱ་ཡུལ་བཀག་ཉར་ཁང་དུ་དེ་དག་གི་ནང་དུ་བཅུག་ནས་ཚད་ལས་བརྒལ་བའི་དམ་དྲག་བྱེད་བཞིན་པ་མཚམས་འཇོག་བྱ་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།།

XS
SM
MD
LG