ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་ཤུགས་རྐྱེན་ལ་འགོག་རྒོལ།


༄༅།། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ནི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་སྟེ་སྔ་མོའི་ཐང་རྒྱལ་རབས་སྐབས་སུ་དར་པའི་རྒྱ་ནག་གི་དར་གོས་ཚོང་ལམ་སླར་གསོ་བྱ་རྒྱུ་དང་། དུས་རབས་༢༡་པ་འདིར་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་རྒྱ་སྐྱེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་ཁག་ལ་རྒྱ་ནག་གིས་དབང་སྒྱུར་བྱ་རྒྱུའི་དམིགས་ཡུལ་ཞིག་ཡིན་ཞིང་། དེར་བརྟེན་རྒྱ་ནག་གཞུང་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གནམ་ཐང་དང་གྲུ་ཁ་གསར་པ་འཛུགས་སྐྲུན་བྱས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་འབྲེལ་བ་མཐུད་རྒྱུ། རྒྱ་ནག་གིས་མ་རྩ་བཙུགས་ནས་འཛུགས་སྐྲུན་གྱི་ལས་གཞི་གཉེར་ཡུལ་རྒྱལ་ཁབ་ཁག་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཀྱིལ་འཁོར་ནང་དུ་བསྡུ་ཐབས་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱ་ནག་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གྲས་སུ་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་དེར་ངོ་རྒོལ་བྱེད་མཁན་གཙོ་བོ་ཞིག་རྒྱ་གར་མ་གཏོགས་མེད་ཀྱང་ཉེ་དུས་པ་ཀི་སི་ཐན་དང་མ་ལི་ཞི་ཡ། རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་མལ་ཌིབ་རྒྱལ་ཁབ་བཅས་ལ་སྲིད་འཛིན་དང་སྲིད་བློན་གསར་པ་རེ་འོས་འདེམས་བྱུང་ནས་བཟུང་སྟེ་རྒྱ་ནག་གིས་མ་རྩ་བཙུགས་ནས་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་ལས་གཞི་ཁག་བསྐྱར་ཞིབ་བྱ་སྲིད་པའི་རྣམ་པ་ཞིག་ཐོན་འདུག

ཉེ་བའི་ཟླ་ཤས་ཤིག་ནས་མ་ལེ་ཞི་ཡའི་ལོ་ན་དགུ་ཅུ་གོ་གྲངས་ལ་སོན་པའི་སྲིད་བློན་ཟུར་པ་མ་ཧ་ཐིར་དང་པ་ཀི་སི་ཐན་གྱི་དབྱུག་རྩེད་ལྒང་ལི་མཁས་པ་ཨིམ་རན་ཁན། མལ་ཌིབ་རྒྱལ་ཁབ་ཀྱི་ཡུན་རིང་གི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སོ་ཧིལ་བཅས་ཀྱིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དང་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་ངོ་རྒོལ། རྒྱ་ནག་གི་ཤུགས་རྐྱེན་ལ་འགོག་རྒོལ་བྱ་རྒྱུའི་ཁས་ལེན་བྱས་ནས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། མ་ལེ་ཞི་ཡ་དང་པ་ཀི་སི་ཐན། མལ་ཌིབ་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་སྔོན་མ་ཁག་གིས་རྒྱ་ནག་ལ་འབྲེལ་བ་དམ་ཟབ་བཙུགས་ནས་ཁེ་ལས་ཀྱི་གྲོས་མཐུན་མང་དག་ཅིག་ལ་མིང་རྟགས་བཀོད། ད་ལྟ་མ་ལེ་ཞི་ཡ་དང་པ་ཀི་སི་ཐན། མལ་ཌིབ་རྒྱལ་ཁབ་བཅས་ཀྱིས་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་དུ་མ་མ་རྩ་བཙུགས་ནས་འཛུགས་སྐྲུན་གྱི་ཁེ་ལས་གཉེར་གྱི་ཡོད་པ་རྣམས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་པ་སྟེ། པ་ཀི་སི་ཐན་དང་མ་ལེ་ཞི་ཡ། མལ་ཌིབ་རྒྱལ་ཁབ་ཀྱི་སྤྱི་ཚོགས་སུ་རང་རང་གི་སྲིད་གཞུང་དེ་རྣམས་རྒྱ་ནག་ལ་བསྙེས་དྲགས་པ་དང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་རྒྱུ་ཚད་ལས་བརྒལ་དྲགས་པའི་ལྟ་ཚུལ་ཤུགས་ཆེན་ཡོང་གི་ཡོད་པས་སྲིད་བློན་མ་ཧ་ཐིར་དང་ཨིམ་རན་ཁན། སྲིད་འཛིན་སོ་ཧིལ་བཅས་ལའང་རྒྱ་ནག་གི་ཤུགས་རྐྱེན་དེར་འགོག་རྒོལ་བྱ་དགོས་པའི་གནོན་ཤུགས་ཐེབས་ཀྱི་ཡོད་པ་རེད།

མ་ལེ་ཞི་ཡ། ཁ་སྔོན་ཕྱི་ཟླ་༥་ཚེས་༩་ཉིན་ལོ་ན་དགུ་བཅུ་གོ་གྲངས་ལ་སོན་པའི་མ་ལེ་ཞི་ཡའི་སྲིད་དབང་སྒེར་གཅོད་པ་ཟུར་པ་མ་ཧ་ཐིར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་སྲིད་བློན་ན་ཇིབ་ར་ཟཀ་ལ་ཕམ་ཉེས་བྱུང་བ་ནི་༡༩༥༧་ལོར་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པའི་རྗེས་སུ་མ་ལེ་ཞི་ཡར་ཞི་བའི་སྒོ་ནས་སྲིད་གཞུང་འཕོ་འགྱུར་བྱུང་བ་ཐེངས་དང་པོ་ཡིན་ཞིང་། སྲིད་བློན་མ་ཧ་ཐིར་གྱིས་ལོ་༢༢་ལ་མ་ལེ་ཞི་ཡའི་སྲིད་དབང་བཟུང་བའི་རིང་དེར་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོ་བཙོན་འཇུག་བྱས་ནས་སྲིད་དབང་སྒེར་གཅོད་ལྟ་བུ་ཞིག་བྱས་ཀྱང་མ་ལེ་ཞི་ཡ་དེང་རབས་ཅན་དུ་བསྒྱུར་པའི་མཛད་རྗེས་ཡོད་ཅིང་། སྲིད་བློན་ཟུར་པ་ན་ཇིབ་ར་ཟཀ་ལ་ལྐོག་ཟ་དང་དཔྱ་ཁྲལ་བཙན་འགེལ། གྲོང་གསེབ་ས་ཁུལ་གྱི་མི་དམངས་དབུལ་ཕོངས་ལ་དཀའ་ངལ་ཕྲད་དུ་བཅུག་པ་དང་ཆུང་མས་རྒྱས་སྤྲོས་ཀྱི་འཚོ་བ་རོལ་པ་སོགས་ཀྱི་ནག་ཉེས་ཕོག་ཡོད་པར་མ་ཟད། རྒྱ་ནག་གིས་མ་རྩ་བཙུགས་ནས་མ་ལེ་ཞི་ཡར་རྡོ་སྣུམ་དང་རང་བྱུང་སོལ་རླངས་འདྲེན་གཏོང་ལྕགས་སྦུག་བཙུགས་པ་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན། མེ་འཁོར་ལྕགས་ལམ་དང་ལྕགས་སྦུག་དེ་རྣམས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ལ་འབྲེལ་བ་ཡོད་པས་སྲིད་བློན་ཟུར་པ་ན་ཇིབ་ར་ཟཀ་ལ་ལོ་རྗེས་མར་མ་ལེ་ཞི་ཡའི་གཞུང་གིས་ཞིབ་འཇུག་དང་ཁྲིམས་བཤེར་བྱ་འཆར་ཡོད་པ་རེད།།

པ་ཀི་སི་ཐན། པ་ཀི་སི་ཐན་གྱི་སྲིད་བློན་གསར་པ་ཨིམ་རན་ཁན་གྱིས་སྔོན་ཆད་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཀྱི་གོ་གནས་བཟུང་བའི་དུས་སུ་རྒྱ་ནག་གིས་མ་རྩ་བཙུགས་ནས་པ་ཀི་སི་ཐན་ལ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཁོངས་སུ་པ་ཀི་སི་ཐན་མཉམ་ཞུགས་བྱས་ན་དགེ་མཚན་ཡོད་མེད་གླེང་སློང་། རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱིས་ཚོང་ལས་གན་རྒྱ་གང་འདྲ་ཞིག་ལ་མིང་རྟགས་བཀོད་ཀྱང་སྤྱི་དམངས་ལ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་ཁས་བླངས། ད་དུང་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་འགའ་ཞིག་མ་རྩ་བཙུགས་ནས་གཉེར་གྱི་ཡོད་པའི་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་མཉམ་འབྲེལ་ཤུར་ལམ་སྟེ། རྒྱ་ནག་པ་ཀི་སི་ཐན་གྱི་བྱང་ཕྱོགས་ནས་གྷ་ཝ་དྷར་མཚོ་ཁ་བར་དང་དེ་ནས་ཨ་རབ་རྒྱ་མཚོ་བར་དུ་འབྲེལ་ལམ་མཐུད་པའི་ལས་གཞི་གཉེར་ཕྱོགས་ཀྱང་ཕྱི་གསལ་ནང་གསལ་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་མོད། འོན་ཀྱང་ད་སྔ་སྲིད་བློན་གསར་པ་ཨིམ་རན་ཁན་གྱིས་རང་གི་ཁས་ལེན་དམ་བཅའ་རྣམས་ལག་ལེན་བསྟར་འགོ་ཚུགས་མེད་པ་དང་རྒྱ་ནག་དང་པ་ཀི་སི་ཐན་གྱི་ཚོང་འབྲེལ་ལ་བསྐྱར་ཞིབ་བྱེད་པའི་དུས་ཚོད་ཀྱང་བྱུང་མེད། ད་ལོ་ཨིམ་རན་ཁན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་དོན་གཙོ་བོ་ཞིག་ནི་རྒྱལ་ཁབ་དེའི་བྱང་ཕྱོགས་སུ་རྒྱ་ནག་གིས་རྒྱ་ལམ་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་པ་ཀི་སི་ཐན་གྱི་ས་ཐོག་ཏུ་རྒྱ་ནག་གིས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རྣམས་པ་ཀི་སི་ཐན་ལ་ཁེ་ཕན་ཡོད་མེད། རྒྱ་ནག་གི་འཛུགས་སྐྲུན་ཁག་ལ་བུ་ལོན་འཇལ་དགོས་པས་པ་ཀི་སི་ཐན་རྒྱ་ནག་གི་བུ་ལོན་འོག་ནས་ཐར་རྒྱུ་ཡིན་མིན་ལ་བསྐྱར་ཞིབ་བྱས་ནས་མི་དམངས་ལ་འགྲེལ་བཤད་གསལ་བོ་ཞིག་རྒྱག་རྒྱུ་ཡིན་ཞེས་ཁས་ལེན་བྱས་པར་བརྟེན། ཁོ་པར་པ་ཀི་སི་ཐན་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་འོས་ཤོག་འཕངས་ནས་སྲིད་བློན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་འདུག

མལ་ཌིབ། བདུན་ཕྲག་འདིའི་གཟའ་ཉི་མར་མི་འབོར་འབུམ་༤་ཡས་མས་ཤིག་ལས་མེད་པའི་རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་མལ་ཌིབ་རྒྱལ་ཁབ་ལ་སྲིད་འཛིན་འོས་འདེམས་བྱས་ནས་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སོ་ཧིལ་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། སྲིད་འཛིན་ལས་ཐོག་གྷ་ཡུམ་གྱིས་ཕྱོགས་འགལ་ཚོགས་པའི་ཚོགས་མི་རྣམས་བཙོན་འཇུག་བྱས་པ་དང་ལྐོག་ཟ། ཁོ་པ་སྔ་ལོ་རྒྱ་ནག་ལ་ཕེབས་ནས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས་མལ་ཌིབ་རྒྱལ་ཁབ་ཀྱིས་ཉ་ཤ་གཙོ་བོར་གྱུར་པའི་དངོས་ཟོག་ཁག་ཅིག་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དེར་སྒོ་ཁྲལ་མེད་པར་བཏང་ཡང་མལ་ཌིབ་རྒྱལ་ཁབ་ཀྱི་དངུལ་ཁང་དང་སྨན་ཁང་། མགྲོན་ཁང་དང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་གཉེར་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་དེའི་ཁྲོམ་རའི་ནང་དུ་རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་བྱས་ནས་ས་གནས་ཀྱི་ཡུལ་མི་རྣམས་ལ་དཔལ་འབྱོར་གྱི་ཡོང་འབབ་དང་ཚོང་ལས་ཀྱི་ཁེ་ཕན་མེད་པར་གྱུར། རྒྱ་ནག་གིས་མལ་ཌིབ་རྒྱལ་ཁབ་ཀྱི་གནམ་ཐང་རྒྱ་སྐྱེད་དང་ཁང་པ་འཛུགས་སྐྲུན་ལ་མ་རྩ་བཙུགས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཀྱིལ་འཁོར་ནང་དུ་བསྡུ་ཐབས་བྱེད་ཀྱི་ཡོད་པ་དང་། མ་འོངས་པར་མལ་ཌིབ་རྒྱལ་ཁབ་ཀྱང་རྒྱ་ནག་གི་བུ་ལོན་འོག་ནས་ཐར་ཐབས་མེད་པ་ཞིག་ལ་སྒྱུར་གྱི་ཡོད་ཅིང་། རྒྱ་ནག་གི་བུ་ལོན་འོག་ནས་ཐར་ཐུབ་ཀྱི་མེད་པའི་དཔེ་མཚོན་མཆོག་ཏུ་གྱུར་པ་ཞིག་ལ་སིངྒ་ལ་འགོད་ཆོག སིངྒ་ལའི་སྲིད་གཞུང་ལ་འཕོ་འགྱུར་ཐེབས་ཀྱང་རྒྱ་ནག་གིས་སིངྒ་ལར་མ་རྩ་བཙུགས་ནས་གནམ་ཐང་དང་གྲུ་ཁ་གསར་པ་འཛུགས་སྐྲུན་བྱས་པའི་བུ་ལོན་རྣམས་འཇལ་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG