ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ཝྭེ་ཊི་ཁན་གྱི་གྲོས་མཐུན་ལ་ངོ་རྒོལ།


༄༅།། ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཆེན་མོ་ཝྭེ་ཊི་ཁན་གྱིས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཁག་ལ་ངོས་ལེན་བྱ་རྒྱུ་དང་རྒྱ་ནག་གཞུང་གིས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་རྣམས་ཀྱི་དབུ་ཁྲིད་ཡིན་པར་ངོས་ལེན་བྱ་རྒྱུའི་གྲོས་མཐུན་ལབ་གླེང་ཅན་ཞིག་འཇོག་འཆར་ཡོད་པར་རྒྱ་ནག་དང་ཧོང་ཀོང་། ཐེ་ཝན་སོགས་རྒྱ་ནག་གི་རིག་གཞུང་དར་ཁྱབ་སོང་བའི་ཡུལ་གྲུ་ཁག་གི་ཡེ་ཤུ་ཆོས་དད་པ་དང་ཡེ་ཤུའི་ཆོས་ལུགས་ཀྱི་མཐོ་རིམ་ལས་སྣེ་ཁག་གིས་ངོ་རྒོལ་བྱ་རྒྱུ་འགོ་ཚུགས་ཏེ། ད་ལྟ་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱི་ནང་ཁུལ་དུའང་རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གྱིས་མིང་རྟགས་འགོད་འཆར་ཡོད་པའི་གྲོས་མཐུན་དེར་ལྐོག་ཏུ་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་ཕོབ་ཧྥ་རན་སེ་སི་མཆོག་གིས་རྒྱ་ནག་ལ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཤུགས་རྐྱེན་ཁྱབ་གདལ་གཏོང་དགོས་པ་དང་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཚོར་ངོས་ལེན། སྔོན་ཆད་ཡེ་ཤུའི་ཆོས་ལུགས་ཀྱི་སྐྱབས་འོག་ཏུ་དོར་པའི་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་རྣམས་སླར་ཡང་གདན་ས་ཆེན་མོ་ཝྭེ་ཊི་ཁན་གྱི་སྐྱབས་འོག་ཏུ་བཅུག་ནས་རྒྱ་ནག་པ་ས་ཡ་མང་པོ་ཡེ་ཤུ་ཆོས་དད་པར་བསྒྱུར་དགོས་པའི་དགོངས་བཞེས་གནང་གི་ཡོད་ཀྱང་སྐྱེ་བོ་མང་པོ་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་མཁན་དང་ཡེ་ཤུའི་ཆོས་ལུགས་ཀྱི་རྩ་དོན་ཁག་རྩ་འཛིན་བྱེད་པའི་ཡེ་ཤུའི་གདན་ས་ཆེན་མོས་ཅིའི་ཕྱིར་རྒྱ་ནག་གི་སྲིད་དབང་སྒེར་གཅོད་སྲིད་གཞུང་དང་ཆོས་མེད་ཀླ་ཀློའི་སྲིད་གཞུང་དེར་མཉམ་འབྲེལ་བྱེད་ཀྱི་ཡོད་པ་རེད་དམ་ཞེས་སྐྱོན་བརྗོད་བྱེད་ཡོད་ཅིང་། ཧོ་ཀོང་གི་ཡེ་ཤུའི་ཆོས་དཔོན་ཆེན་མོ་འཇོ་སེབ་ཙེན་གྱིས་ཡེ་ཤུའི་གདན་ས་ཆེན་མོས་རྒྱ་ནག་གཞུང་ལ་འགྲིག་མཐུན་གྱི་གྲོས་མཐུན་ཞིག་འཇོག་གི་ཡོད་པ་རང་གི་རྗེས་འཇུག་པ་ལུག་ཁྱུ་ཞིག་སྤྱང་ཀིའི་ཁ་རུ་དེད་པ་དང་གཅིག་མཚུངས་ཡིན་པར་མ་ཟད། འདས་པའི་ལོ་བཅུ་ཕྲག་མང་པོར་གློ་སྙིང་བྲང་གསུམ་བླ་ཆེན་ཕོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་ལ་གཏད་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཀོད་འདོམས་འོག་ཏུ་མགོ་བོ་མ་སྒུར་པའི་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ས་ཡ་མང་པོར་ཁྲེལ་མེད་བྱས་པ་ཞིག་རེད། གྲོས་མཐུན་དེའི་རིགས་ཀྱིས་རྒྱ་ནག་གི་ཆོས་ལུགས་གཞན་ཁག་ལའང་སྔོན་ཆད་བྱུང་མྱོང་མེད་པའི་ཤུགས་རྐྱེན་ངན་པ་ཞིག་ཐེབས་ངེས་ཡིན་པས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོར་མིང་ཆད་ངན་པ་ཞིག་འཕོག་སྲིད་ཅེས་སྐྱོན་བརྗོད་བྱས་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཞིབ་འཇུག་བྱས་པ་ལྟར་ན་རྒྱ་ནག་གཞུང་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱིས་མིང་རྟགས་འགོད་འཆར་ཡོད་པའི་གྲོས་མཐུན་དེས་རྒྱ་ནག་གཞུང་གིས་མི་དམངས་ཀྱི་ཆོས་དད་རང་དབང་ལ་སྔར་ལས་ལྷག་པའི་དམ་དྲག་དང་ཐེ་གཏོགས་བྱེད་ཆོག་པའི་ཁྲིམས་མཐུན་གྱི་དབང་ཚད་འཐོབ་རྒྱུ་ཡིན་ཞིང་། གྲོས་མཐུན་དེའི་ནང་དོན་ཞིབ་ཕྲ་ཁག་གསལ་བསྒྲགས་བྱེད་ཀྱི་མེད་པས་མ་འོངས་པར་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱེད་པའི་སྐབས་སུ་མཐར་ཐུག་གི་དབང་ཚད་རྒྱ་ནག་གཞུང་ལ་ཡོད་པའམ། ཡང་ན་བླ་ཆེན་ཕོབ་མཆོག་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཊི་ཁན་ལ་ཡོད་མེད་གསལ་བོ་བཀོད་མེད་ཀྱང་རྒྱ་ནག་གཞུང་གིས་བཙུགས་པའི་ཡེ་ཤུ་གནམ་བདག་ཆོས་ལུགས་མཐུན་ཚོགས་ཀྱི་ཆོས་དཔོན་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་དང་གདན་ས་ཆེན་མོ་ཝྭེ་ཊི་ཁན་གྱིས་མིང་རྟགས་འགོད་འཆར་ཡོད་གྲོས་མཐུན་དེར་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།།

༡༩༤༩་ལོར་རྒྱ་ནག་ལ་དམར་ཤོག་གིས་དབང་སྒྱུར་བྱས་ནས་ཡེ་ཤུའི་ཆོས་སྡེ་ཁག་ལ་གཏོར་བཤིག་ཚབས་ཆེན་ཕོག ༡༩༥༡་ལོར་རྒྱ་ནག་ཏུ་བཅའ་སྡོད་གདན་ས་ཝྭེ་ཊི་ཁན་གྱི་གཞུང་ཚབ་ཁང་ཐེ་ཝན་ལ་སྤོར་ནས་འདས་པའི་ལོ་༦༦་གི་རིང་ལ་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཊི་ཁན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས། རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཏུ་མ་འདུས་པའི་ཡེ་ཤུ་ཆོས་དད་པ་ས་ཡ་བཅོ་ལྔ་ཡས་མས་ཤིག་ཡོད་པ་དེ་དག་གིས་རང་ཁྱིམ་དང་ལྐོག་ཏུ་ཡེ་ཤུའི་ཆོས་བཙུགས་ནས་གདན་ས་ཝྭེ་ཊི་ཁན་གྱི་བཀའ་དགོངས་བསྒྲུབས། ད་ལྟ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་ཕོབ་ཧྥ་རན་སེ་སི་མཆོག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་སྐམ་ས་ཆེན་མོར་འབྲེལ་བ་འཛུགས་རྒྱུའི་དགོངས་བཞེད་གནང་གི་ཡོད་ཅིང་། རྒྱ་ནག་གི་མི་རིགས་དང་ཆོས་ལུགས་ལས་དོན་ལྷན་ཁང་གི་ལས་སྣེ་ཚོས་ཁྲིམས་འགལ་དུ་བཙུགས་པའི་རྒྱ་ནག་གི་ཡེ་ཤུའི་ཆོས་ཚོགས་ཁག་སྒོ་རྒྱག་གི་ཡིན། སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་ཡེ་ཤུའི་ཆོས་ཚོགས་ཁག་སྒོ་འབྱེད་བྱེད་ཆོག་ཅེས་བསྒྲགས། ཧོང་ཀོང་གི་ཡེ་ཤུའི་ཆོས་དཔོན་ཆེན་མོ་འཇོ་སེབ་ཙེན་གྱིས་བླ་ཆེན་ཕོབ་མཆོག་རྒྱ་ནག་གི་མགོ་སྐོར་འོག་ཏུ་ཚུད་འདུག ཁོང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོར་རྒྱུས་མངའ་མེད་པའི་སྐྱོན་བྱུང་ཡོད་པ་དང་། གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གི་གྲོས་མཐུན་འདིས་མ་འོངས་པར་འཛམ་གླིང་གི་ཤར་ཕྱོགས་ཀྱི་ཡེ་ཤུའི་ཆོས་དད་པ་རྣམས་བླ་ཆེན་ཕོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་ལ་བློ་ལོག་སྟེ་ཆོས་རྒྱུད་ལོགས་སུ་ཚུགས་སྲིད་པའི་ཉེན་ཀ་ཡོད་ཅེས་གསུངས་ཡོད་པ་རེད།།

XS
SM
MD
LG