ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མ་ཇུན་ཊི་ལར་གསང་ཉུལ་ཡིན་པར་དོགས་གཞི་ཅན་ཞིག་འཛིན་བཟུང་།


༄༅།། རྒྱ་ནག་གི་གསང་ཉུལ་ཡིན་པར་དོགས་གཞི་ཅན་གྱི་རྒྱ་རིགས་ཤིག་ལྡི་ལིའི་མ་ཇུན་ཊི་ལ་ས་གནས་སུ་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ཅིང་། དེ་ཡང་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པར་གཞིགས་ན་མ་ཇུན་ཊི་ལའམ། ཡང་ན་བོད་པ་ཚོས་ལྡི་ལིའི་བསམ་ཡས་གླིང་ཞེས་འབོད་པའི་བོད་པ་བཙན་བྱོལ་བའི་གཞིས་སྒར་དེར་རྒྱ་གར་གསང་བའི་ལས་ཁང་གིས་ཧ་ཅང་གསང་རྒྱ་དམ་པོའི་སྒོ་ནས་རྟོག་ཞིབ་གཟབ་ནན་བྱས་པ་དང་ལྡི་ལིའི་ཉེན་རྟོག་སྡེ་ཚན་གྱི་དམིགས་བསལ་ཚན་ཁག་ཅིག་གིས་ལོ་ན་༣༩་ལ་སོན་པའི་རྒྱ་ནག་གི་གསང་ཉུལ་ཡིན་པར་དོགས་གཞི་ཆེན་པོ་ཡོད་པའི་སྐྱེས་པ་ཆར་ལི་ཕེང་ཞེས་པའི་རྒྱ་རིགས་ཤིག་འཛིན་བཟུང་བྱས་འདུག ཕྱི་ཟླ་༩་ཚེས་༡༣་ཉིན་ལྡི་ལིའི་བྱང་ཕྱོགས་སུ་ཆགས་པའི་མ་ཇུན་ཊི་ལར་དོགས་གཞི་ཅན་གྱི་མི་དེ་འཛིན་བཟུང་བྱས་ནས་བཟུང་སྟེ་དོ་བདག་བཀག་ཉར་འོག་ཡོད་པར་མ་ཟད། གཟའ་ཕུར་བུའི་ཉིན་ལྡི་ལིའི་ཉེན་རྟོག་པས་དོགས་གཞི་ཅན་གྱི་རྒྱ་རིགས་དེ་ལྡི་ལིའི་གྲོང་ཁྱེར་གྱི་འཛིན་སྐྱོང་ཁྱབ་ཁོངས་ཁྲིམས་ཁང་དུ་ཁྲིད་ནས་བདུན་ཕྲག་རྗེས་མའི་གཟའ་ཟླ་བ་བར་དུ་དོ་དམ་བྱེད་ཆོག་པའི་བཀའ་འཁྲོལ་ཞུས་པར་ཆོག་མཆན་ཐོབ་འདུག ཉེན་རྟོག་པས་ཁྲིམས་ཁང་ལ་ཆར་ལི་ཕེང་ནི་རྒྱ་གར་རྒྱལ་ཁབ་ལ་རྒྱབ་གཏོད་ཀྱི་ལས་དོན་ཁག་ལ་འབྲེལ་བ་འདུག ཁོ་པར་འདྲི་རྩད་བྱ་རྒྱུར་དུས་ཚོད་རིང་ཙམ་དགོས་ཀྱི་འདུག་ཅེས་བརྗོད་ཡོད་པ་དང་། གཟའ་ཕུར་བུའི་ཉིན་རྒྱ་གར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་སུ་སྲིད་སྐྱོང་བློ་བཟང་སེངྒེས་ལྡི་ལིའི་མ་ཇུན་ཊི་ལར་རྒྱ་རིགས་གསང་ཉུལ་ཡིན་པར་དོགས་གཞི་ཅན་ཞིག་འཛིན་བཟུང་བྱས་འདུག་ཅེས་གླེང་ཙམ་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG