ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ལ་འབོད་སྐུལ།


༄༅།། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ལ་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཡས་མས་ཤིག་བཀག་ཉར་ཁང་འདྲ་མིན་ཞིག་ཏུ་འགོག་ཉར་བྱེད་ཡོད་པ་དེ་དག་གི་གནས་སྟངས་ཅི་ཡིན་གསལ་བསྒྲགས་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག རྒྱ་ནག་གཞུང་གིས་ཞིན་ཅང་གི་འཇིགས་སྐུལ་རིང་ལུས་པ་དང་ཁ་བྲལ་རིང་ལུགས་པ། མཐའ་ལྷུང་རིང་ལུགས་པ་ཚོར་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་འབོད་ཚིག་བསྒྲགས་ནས་ཞིན་ཅང་གི་ཡུ་གུར་བ་དང་དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ཁག་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྙན་ཐོ་གསར་པ་ཞིག་བཏོན་པ་དེའི་ནང་དུ་བཀག་ཉར་ཁང་དུ་དངོས་སུ་བཅུག་མྱོང་ཡོད་པའི་མི་ཚོར་བཅར་འདྲི་བྱས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གནས་ཚུལ་སྤེལ་པར་གཞིགས་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་སྡེབ་འཛིན་དང་ལྟ་རྟོག་ནན་པོ། ཆབ་སྲིད་ཀྱི་སློབ་གསོ་སྤྲོད་རྒྱུ་དང་བཙན་དབང་གིས་རིག་གཞུང་མཉམ་འདྲེས་བྱེད་དུ་འཇུག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་བཏང་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་བྷེ་ཁུའི་ལིན་གྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱས་ནས་ཁྱིམ་ཚང་བརྒྱ་ཕྲག་མང་པོའི་བཟའ་མི་འབུམ་ཕྲག་མང་པོ་ཁ་གཏོར་བཏང་སྟེ་འཆི་གསོན་ཅི་ཡིན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པས་རྒྱ་ནག་གཞུང་གིས་ངེས་པར་བཟའ་མི་ཁ་གཏོར་བཏང་ནས་བཙན་ཁྲིད་བྱས་པ་རྣམས་གང་དུ་ཡོད་མེད་གསལ་བཤད་བྱ་དགོས་ཞེས་ནན་བརྗོད་བྱས་པ་དང་། ཞིན་ཅང་གི་ཡུ་གུར་བའི་སྐྱེས་པ་ཚོས་རྒྱ་དང་ཁ་སྤུ་བཞག་ནས་ཁ་ཆེའི་ཆོས་ལུགས་ཀྱི་རྟགས་དང་ཆ་ལུགས་འཛིན་པའམ་། ཡང་ན་བུད་མེད་ཚོས་མགོ་རས་དཀྲིས་ནས་གདོང་འཁེབས་གཡོགས་པ། ཁྱིམ་ཚང་ཁག་ཏུ་ཁ་ཆེའི་ཆོས་ལུགས་ཀྱི་དཀོན་མཆོག་གི་བཀའ་དེབ་ཉར་འཛིན་བྱས་ཡོད་པ་ཙམ་གྱིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་འཛིན་བཟུང་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་གཏོང་ཡུལ་བཀག་ཉར་ཁང་དེ་དག་གི་ནང་དུ་འགོག་ཉར་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་ཁག་ཏུ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཡུལ་བཀག་ཉར་ཁག་ཡོད་པ་ངོས་ལེན་བྱེད་ཀྱི་མེད་པ་རེད།།

ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་དངོས་སུ་བཅུག་མྱོང་ཡོད་པའི་མི་འགའ་ཞིག་ལ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཅར་འདྲི་ཞུས་པ་ལྟར་ན་བཀག་ཉར་ཁང་དུ་ཚུད་པའི་མི་ཕལ་ཆེ་བར་རྐང་ལྕགས་ལག་ལྕགས་བརྒྱབ་ཡོད་པ་དང་རྡུག་རྡེག་དང་མནར་གཅོད་བཏང་བ། ཁོ་ཚོས་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པར་བསྟོད་དབྱངས་འབུལ་བའི་གླུ་གཞས་ལེན་དགོས་པ། ཞིན་ཅང་གི་ཡུ་གུར་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་སློབ་སྦྱོང་བྱ་དགོས་པ་དང་གུང་ཁྲན་ཏང་གི་བཀའ་དྲིན་ལ་བསམ་ཤེས་བྱ་དགོས་ཀྱིན་འདུག་ཅེས་བཤད་པ་རྣམས་ཕྱི་རྒྱལ་གྱི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བདེན་དཔང་བྱེད་ཐུབ་ཀྱི་ཡོད་ཅིང་། དེང་སྐབས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བློ་འཚབ་བྱ་ཡུལ་གཙོ་བོ་ཞིག་ནི་ཡུ་གུར་བ་སྟོང་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་ནས་རྙེད་ཀྱི་མེད་པ་གང་དུ་ཡོད་མེད་འཚོལ་ཞིབ་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་ཡུ་གུར་བ་དེ་རྣམས་འཆི་གསོན་ཅི་ཡིན་གསལ་བཤད་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།།

དེང་སྐབས་རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་སྐད་ཆ་བཤད་ཐུབ་ཀྱི་ཡོད་པ་རྣམས་ནི་ཞིན་ཅང་གི་ཡུ་གུར་བ་མིན་པ་དང་། ཁོ་ཚོ་མང་པོ་ཞིག་ཞིན་ཅང་དུ་སྐྱེས་པ་དང་འཚར་ལོངས་བྱུང་ཡང་ཁྱིམ་མཚེས་རྒྱལ་ཁབ་ཁ་ཛག་སི་ཐན་ལ་ཡུལ་སྤོར་གཞིས་ཆགས་སུ་སོང་བའི་ཧ་ས་ཁ་བ་རྣམས་ཡིན་ཞིང་། ཁོ་ཚོས་སྐད་འཕྲིན་བརྒྱུད་ནས་ཞིན་ཅང་དུ་ལུས་ཡོད་པའི་ཕ་མ་དང་སྤུན་མཆེད། གཉེན་ཚན་སོགས་ལ་སྐད་ཆ་བཤད་ནས་གནས་ཚུལ་ཕྱིར་བསྒྲགས་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་ཀྱང་ཕྱི་རྒྱལ་དུ་ཧ་ས་ཁ་བ་ཚོར་དམིགས་སུ་བཀག་ནས་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པ་སྟེ། ཕྱི་རྒྱལ་དུ་བུ་ཕྲུག་དང་སྤུན་མཆེད་ཡོད་པའི་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ་ཚོར་རང་གི་བུ་ཕྲུག་དང་སྤུན་མཆེད་རྣམས་རང་ཡུལ་ལ་ཕྱིར་འགུགས་བྱ་དགོས་ཞེས་གནོན་ཤུགས་སྤྲོད་པ་དང་། ཡང་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་པ་ཚོས་རང་རང་གི་ས་གནས་ཁག་གི་ཡུ་གུར་བ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཅི་ཞིག་སྤེལ་གྱི་ཡོད་མེད་དང་ཞིན་ཅང་རང་བཙན་གྱི་ལས་འགུལ་ཅི་ཞིག་སྤེལ་གྱི་ཡོད་མེད་བཅས་ཀྱི་གསང་བའི་གནས་ཚུལ་རྣམས་མཁོ་སྒྲུབ་བྱས་ནས་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱ་དགོས། གལ་སྲིད་ཁོ་ཚོས་རྒྱ་ནག་གི་གསང་བའི་ལས་ཁང་ཁག་ལ་དགོས་ངེས་ཀྱི་སྲི་ཞུ་མ་བསྒྲུབས་ན་ཞིན་ཅང་དུ་ལུས་ཡོད་པའི་ཕ་མ་དང་སྤུན་མཆེད་སོགས་ལ་དཀའ་ངལ་འཕྲད་སྲིད། དེར་བརྟེན་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ཏུ་ཡོད་པའི་ཡུ་གུར་བའི་སློབ་ཕྲུག་ཚོར་རྒྱ་ནག་གི་གསང་བའི་ལས་ཁང་ལ་སྲི་ཞུ་བསྒྲུབ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG