ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ཀྱི་ལོ་ཙཱ་བ་ཆེན་པོ་བློ་བཟང་ནོར་བུ་འདས་གྲོངས།


༄༅།། དུས་རབས་༢༠་བའི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་བློ་བཟང་ནོར་བུ་ཤསྟྲི་དགུང་གྲངས་༦༥་ཐོག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན། དེ་ཡང་ཨ་རིའི་རླུང་འཕྲིན་ཁང་ལ་ཐད་ཀར་འདྲ་པར་དང་གནས་ཚུལ་འབྱོར་པ། ད་དུང་ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན་ཕྱི་ཟླ་༩་ཚེས་༢༡་ཉིན་ལོ་ཙཱ་བ་བློ་བཟང་ནོར་བུ་ཤསྟྲི་གློ་ནད་ཀྱིས་རྐྱེན་པས་ཞོགས་པའི་ཆུ་ཚོད་༧་ཡས་མས་སུ་རྒྱ་གར་གྱི་གནས་མཆོག་ཝ་རི་ཎ་སིར་དགོངས་པ་རྫོགས་འདུག

བློ་བཟང་ནོར་བུ་ཤསྟྲི་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་རིང་ལ་རྒྱ་གར་དུ་ཉམས་ཟིན་པའི་བཀའ་དང་བསྟན་བཅོས་རྣམས་སླར་ཡང་བོད་སྐད་ནས་རྒྱ་གར་སྐད་དུ་བསྒྱུར་པའི་སྒྲ་སྒྱུར་གྱི་ཐུགས་འགན་གཙོ་བོ་བཞེས། ཁོང་གིས་བོད་ཀྱི་སྔོན་བྱོན་ལོ་ཙཱ་བ་ཚོས་མ་བསྒྱུར་པའི་ལེགས་སྦྱར་གྱི་སྒྲ་གཞུང་དགའ་བྱེད་ཟླ་ཟེར་དང་སློབ་དཔོན་བགྲོད་དཀའ་སེངྒེས་མཛད་པའི་སྒྲ་གཞུང་ཀ་ལ་པའི་ཨུ་ཎའི་རྩ་འགྲེལ། ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པ་བརྒྱ་པ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་རྡོ་རྗེའི་ཁབ་དང་དེའི་འགྲེལ་བ། ཕྱི་རོལ་གསང་བ་པའི་རྡོ་རྗེའི་ཁབ། དྲང་སྲོང་ཙ་ར་ཀས་མཛད་པའི་སྨན་གཞུང་ཙ་ར་ཀ་བསྡུ་བ་རྣམས་རྒྱ་གར་གྱི་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་འདུག་པར་མ་ཟད། པ་ལིའི་སྐད་ནས་འཕགས་པ་གནས་བརྟན་སྡེ་པའི་གནས་མཆོག་གི་མདོ་ཡང་བོད་སྐད་དུ་བསྒྱུར་འདུག

ལོ་ཙཱ་བ་བློ་བཟང་ནོར་བུ་ཤསྟྲི་ནི་རྒྱ་གར་མཁས་པ་དང་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཁག་ལའང་མཉམ་ཞུགས་ལན་མང་གནང་སྟེ། ཁོང་གིས་འཕགས་བོད་ཀྱི་གནའ་བོའི་རིག་གཞུང་གི་སྙིང་བཅུད་རྣམས་གོ་བདེ་དོན་བསྡུས་ཀྱི་གཏམ་བཤད་བྱས་པ་དང་ཆེད་རྩོམ་སྤེལ་བ། རྒྱལ་སྤྱིའི་ཐོག་ཏུ་འཕགས་བོད་ཀྱི་གནའ་བོའི་རིག་གཞུང་ལ་འཁྱོག་བཤད་དང་ལོག་འགྲེལ་བྱུང་ཡོད་པ་སོགས་ལ་ལུང་དང་རིགས་པས་གསེལ་བཀྲོལ། བོད་ཀྱི་ཆོས་དང་རིག་གཞུང་རྣམས་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་སྤེལ་དང་གནའ་བོའི་རྒྱ་གར་གྱི་ནང་བསྟན་རིག་གཞུང་གཅེས་འཛིན། མདོར་ན་ལོ་ཙཱ་བ་བློ་བཟང་ནོར་བུས་རྒྱལ་སྤྱིའི་གླེང་སྟེགས་ཁག་ཏུ་མི་རིགས་གཞན་གྱི་མཁས་པ་ཚོའི་མཉམ་དུ་གོ་གནས་འདྲ་མཉམ་བཟུང་སྟེ། བོད་པའི་ཤེས་ཡོན་ཅན་དང་བོད་མི་རིགས་ཀྱི་གཟི་བརྗིད་གོང་མཐོར་གཏད། སྐབས་འགར་ལོ་ཙཱ་བ་འདི་བས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་སྐད་གྱི་ལེགས་སྦྱར་སྐད་དང་པ་ལི་སྐད་ཀྱི་གསུང་སྒྱུར་ཡང་ཞུས་མྱོང་ཡོད་པ་རེད།

བློ་བཟང་ནོར་བུ་དམ་པ་དེ་ཉིད་ཐོག་མར་༡༩༦༨་ནས་༧༠་ཐམ་པ་བར་དུ་རྒྱ་གར་བྱང་ཕྱོགས་ཀྱི་རི་གྲོང་དུ་ཆགས་པའི་མ་སུ་རི་གཏན་སློབ་ལ་ཞུགས་ནས་སློབ་གཉེར་འགོ་ཚུགས། ༡༩༧༡་ནས་༨༠་ཐམ་པ་བར་དུ་ཝ་ར་ཎ་སིར་ལེགས་སྦྱར་སྐད་ཀྱི་ནང་དོན་རིག་པའི་སློབ་གཉེར་གནང་། ༡༩༨༤་ནས་སྐུ་ཚེའི་མཐའ་བར་དུ་ཝ་ར་ཎ་སི་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་ཟུང་འབྲེལ་སློབ་དཔོན་དང་སྒྲ་སྒྱུར་བའི་ཐུགས་འགན་བཞེས། ཝ་ར་ཎ་སི་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་སློབ་ཕྲུག་ཚོར་ཤ་ཚ་དང་བརྩེ་སེམས་ཀྱི་ཀུན་ནས་བསླངས་ཏེ་སློབ་ཁྲིད་དང་ཉམས་མྱོང་སྤེལ་རེས། སྤྱི་ཚོགས་ཞབས་ཞུ་དང་བོད་དོན་འཐབ་རྩོད་ཀྱི་ཆབ་སྲིད་ལས་འགུལ་ཁག་ལ་མཉམ་ཞུགས། ཝ་ར་ཎ་སི་ས་གནས་ཀྱི་རྒྱ་གར་བའི་ཤེས་ཡོན་ཅན་དང་བོད་དོན་རྒྱབ་སྐྱོར་པ་ཚོར་འབྲེལ་བ་འཛུགས་པ་སོགས་མི་ཚེ་ཧྲིལ་བོར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་མཛད་རྗེས་བཞག་ནས་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་ཞིང་། ད་ལྟ་དམ་པ་དེ་ཉིད་དགོངས་པ་རྫོགས་པའི་གནས་ཚུལ་ཁྱབ་པར་བོད་ཕྱི་ནང་གི་ཤེས་ཡོན་ཅན་དང་རྒྱ་གར་བའི་མཁས་པ། རྒྱལ་སྤྱིའི་བོད་རིག་པའི་སློབ་གཉེར་བ་སོགས་སྐྱེ་བོ་ཇི་སྙེད་ཅིག་གིས་ཕངས་སེམས་དང་ཡིད་གདུང་དྲག་པོས་མྱང་ངན། ཁོང་ལ་རྗེས་དྲན་དང་མཆོད་འབུལ་སོགས་ཀྱི་བྱེད་སྒོ་སྣ་མང་ཞིག་སྤེལ་གྱི་ཡོད་ཅིང་། དམ་པ་དེ་ཉིད་ལུས་རྟེན་རབ་བྱུང་བ་ཡིན་པའི་སྟབས་ཀྱིས་ཤུལ་དུ་བཟའ་ཟླ་བུ་ཕྲུག་སོགས་མེད་ཀྱང་ཨ་མ་ལོ་ན་༩༦་ལ་སོན་པ་ཞིག་ཡོད་འདུག

XS
SM
MD
LG