ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིས་ཐེ་ཝན་ལ་མཚོ་དམག་གཏོང་རྒྱུ་ཕྱིར་འཐེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེ་ཝན་ལ་གསར་དུ་སྒོ་འབྱེད་བྱས་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དང་ཚད་མཉམ་གྱི་ལས་ཁུངས་ཤིག་ཡོད་པ་དེ་དང་དེའི་ལས་བྱེད་པ་༤༥༠་ལྷག་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཨ་མི་རི་ཀས་མཚོ་དམག་གཏོང་རྒྱུའི་གནས་ཚུལ་ཞིག་ཉེ་ཆར་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་བསྒྲགས་བྱུང་མོད། འོན་ཀྱང་ད་ལྟ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཐེ་ཝན་ལ་མཚོ་དམག་གཏོང་རྒྱུའི་ངོས་ལེན་བྱས་མེད་ཅེས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འཆར་གཞི་དེ་ཕྱིར་འཐེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་སྤྱི་ཟླ་༦་པར་ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་དོན་གཅོད་ལས་ཁུངས་ལེགས་གྲུབ་བྱུང་སྟེ་མཛད་སྒོ་རྒྱ་ཆེན་ཞིག་ཚུགས་པར་རྒྱ་ནག་གཞུང་གིས་ཨ་མི་རི་ཀས་རྒྱ་ནག་གཅིག་མེད་ཅེས་ཁས་ལེན་བྱས་པ་རྩ་འཛིན་བྱ་དགོས་པ་དང་ཐེ་ཝན་མཚོ་གླིང་དེར་ཨ་རིའི་གཞུང་ཚབ་ཁང་འཛུགས་མི་ཆོག་ཅེས་ངོ་རྒོལ་བྱས་ཤིང་། སྤྱིར་ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་ལས་ཁུངས་དེར་ཨ་རིའི་གཞུང་ཚབ་ཁང་ཞེས་མིང་བཏགས་མེད་ཀྱང་ཨ་རིའི་དོན་གཅོད་ལས་ཁུངས་དེས་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་ལས་དོན་སྒྲུབ་བཞིན་ཡོད་པ་དང་། ཨ་རིའི་ཉམས་ཞིབ་ཁང་འདིར་ལས་བྱེད་པ་༤༥༠་ཡོད་པ་བཅས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་ཨ་རིའི་མཚོ་དམག་གཏོང་འཆར་ཡོད་པའི་གནས་ཚུལ་ཐོན་རུང་དེ་རིང་ཨ་རིའི་གསར་ཁང་ཁག་ལ་ཨ་རིའི་གཞུང་འབྲེལ་མི་སྣ་གསུམ་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་ཐེ་ཝན་དུ་ཡོད་པའི་ཨ་རིའི་དོན་གཅོད་ལས་དོན་ཁང་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཨ་རིའི་མཚོ་དམག་གཏོང་རྒྱུའི་ཐག་གཅོད་དེར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ངོས་ལེན་བྱས་མེད་པས་མཚོ་དམག་གཏོང་རྒྱུ་ཕྱིར་འཐེན་བྱས་འདུག

ཉེ་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་ལ་ཐེ་ཝན་དུ་ཡོད་པའི་ཨ་རིའི་དོན་གཅོད་ལས་ཁུངས་ཀྱི་བདེ་སྲུང་ཆེད་དུ་མཚོ་དམག་གཏོང་བར་རེ་བ་ཞུས་ཡོད་པའི་གནས་ཚུལ་ཐོན་པས་རྒྱ་ནག་གཞུང་གིས་ཐེ་ཝན་དུ་ཨ་རིའི་མཚོ་དམག་བཏང་ན་ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ལ་བརྩི་མེད་བཏང་བ་དང་། ཐེ་ཝན་དང་ཨ་མི་རིའི་དམག་དོན་འབྲེལ་བ་ཞིག་ལ་ངོས་འཛིན་བྱ་དགོས་ཆགས་རྒྱུ་ཡིན་པས་ཨ་རི་དང་རྒྱ་ནག་གི་ཆབ་སྲིད་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་དང་། ཨ་མི་རི་ཀས་རྒྱ་ནག་གི་ལངས་ཕྱོགས་གསལ་བོ་ཤེས་བཞིན་དུ་སྣང་མེད་བཏང་སྟེ་ཐེ་ཝན་ལ་མཚོ་དམག་གཏོང་རྒྱུ་ལག་བསྟར་བྱེད་ན་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཉམ་འབྲེལ་ལ་གནོད་སྐྱོན་འབྱུང་གི་རེད་ཅེས་དགག་པ་བརྒྱབ།

ཨ་རིའི་དོན་གཅོད་ཁང་དེའི་བདེ་འཇག་སྲུང་སྐྱོབ་ཆེད་དུ་ཨ་རིས་མཚོ་དམག་མངགས་གཏོང་བྱེད་ཚེ་ཐེ་ཝན་མཚོ་གླིང་དང་ཨ་རིའི་དམག་དོན་གྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་རྣམ་པ་ཞིག་ཡིན་པར་དབྱེ་ཞིབ་པ་ཚོས་ཟླ་བ་སྔོན་མར་དཔྱད་བརྗོད་སྤེལ། ཡང་ཐེ་ཝན་གྱི་སྲིད་འཛིན་རྒྱལ་ཁབ་གཞན་ལ་ཕེབས་པའི་ལམ་ཞོར་དུ་ཨ་རིའི་ས་ཐོག་ཏུ་འབབ་སྡོད་ཆོག་པའི་ཐག་གཅོད་ཞིག་གནང་བ་དང་། ཐེ་ཝན་དང་ཨ་རི་གཉིས་ཀྱི་ཕྱི་འབྲེལ་མི་སྣ་འགྲོ་འོངས་ཆོག་པའི་གྲོས་ཆོད། གཞན་ཡང་སྤྱི་ལོ་༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པའི་རྗེས་སུ་༢༠༡༦་གི་ལོ་མཇུག་དེར་ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་དང་ཐེ་ཝན་སྲིད་འཛིན་ཚེ་དབྱིན་ཝེན་གཉིས་ཁ་པར་ནང་དུ་ཐད་ཀར་བཀའ་མོལ་བྱུང་སྟེ། ད་ལྟའི་ཨ་རིའི་སྲིད་གཞུང་གིས་ཐེ་ཝན་ལ་འཛིན་པའི་རྣམ་འགྱུར་བཟང་པོ་དང་ཐག་གཅོད་གལ་ཆེན་ཁག་ཅིག་བྱས་པ་རེད་ཅེས་དཔྱད་བརྗོད་སྤེལ་བཞིན་པ་རེད།

ཐེ་ཝན་རང་བཙན་གྱི་རྒྱབ་སྐྱོར་བ་ཚོས་ཨ་མི་རི་ཀར་བཅའ་སྡོད་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་གི་སྐུ་ཚབ་ལས་དོན་ཁང་དེ་ཐེ་ཝན་གྱི་གཞུང་ཚབ་ཁང་ལ་དངོས་སུ་མིང་བསྒྱུར་བྱ་དགོས་ཞེས་ཨ་རིའི་ནང་དུ་འབོད་སྐུལ་དང་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ་རེད།།

XS
SM
MD
LG