ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་ཉར་བྱེད་ཡོད་སྐད།


༄༅།། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རྒྱ་ནག་གཞུང་གིས་གོ་རིམ་ལྡན་པ་དང་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་ཞིན་ཅང་གི་ཡུ་གུ་བ་ས་ཡ་གཅིག་ཡས་མས་ཤིག་བཀར་ཉར་ཁང་དུ་བཅུག་ནས་ལྟ་རྟོག་ནན་པོ་དང་ཡུ་གུར་བའི་ཆོས་ལུགས་བྱེད་སྒོ་ཁག་ལ་དམ་དྲག ཡུ་གུར་བ་རྣམས་ཆབ་སྲིད་ཀྱི་སློབ་གསོ་ཁང་ཞེས་པའི་བཀག་ཉར་ཁང་འདྲ་མིན་ཞིག་ལ་འགོག་ཉར་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱིན་འདུག་ཅེས་ཤོག་གྲངས་༡༡༧་ཡོད་པའི་སྙན་ཐོ་གསར་པ་ཞིག་བཏོན་འདུག

ད་ཐེངས་ཀྱི་སྙན་ཐོ་འདི་ཞིན་ཅང་གི་ས་ཁུལ་༡༤་ལྷག་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་ཐོབ་མྱོང་མཁན་མི་༥༨་དང་བཀག་ཉར་འོག་ཏུ་ཚུད་པ་དེ་དག་གི་གཉེན་ཚན་༣༨་ལ་བཅར་འདྲི་ཞུས་ནས་སྙན་ཐོ་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་བཅར་འདྲི་ཞུ་ཡུལ་གྲས་ཀྱི་མི་༡༩་ན་ནིང་ནས་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཐར་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་ཚོར་ལྟ་བའི་ནད་ཡམས་ཤིག་ཕོག་ཡོད་པ་བཅོས་ཐབས་བྱེད་བཞིན་ཡོད་ཅེས་ཆབ་སྲིད་ཀྱི་ལས་འགུལ་དེ་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། རྒྱ་ནག་གཞུང་གིས་ཞིན་ཅང་ལ་ཞི་བདེ་བརྟན་ལྷིང་བསྐྲུན་པའི་ཆེད་དུ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པར་ཡུ་གུར་པ་ཚོ་བཀག་ཉར་བྱེད་ཀྱི་ཡོད་པ་ནི་འོས་མཐུན་ཞིག་ཡིན། ཆབ་སྲིད་ཀྱི་སློབ་གསོ་དེའི་དམིགས་འབེན་གཙོ་བོ་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ། མཐའ་ལྷུང་རིང་ལུགས་པ་བཅས་ལ་གཏད་ཡོད། ཆབ་སྲིད་ཀྱི་སློབ་གསོའི་བཀག་ཉར་ཁང་དུ་ཡུ་གུར་བ་ཚོའི་བསམ་བློའི་འཁྱེར་སོ་དང་སྤྱོད་པ་འཛིན་སྟངས། རྣམ་འགྱུར་སྟོན་སྟངས་བཅས་ལ་ཞིབ་འཇུག་བྱེད་ན་གུང་ཁྲན་ཏང་གི་དབང་སྒྱུར་ལ་ངོ་ལོག་བྱེད་པའི་མི་རྣམས་རྩད་གཅོད་ཐུབ་པའི་དགེ་མཚན་འདུག་ཅེས་དག་སྐྱེལ་བྱེད་ཀྱི་ཡོད་པ་རེད།།

༢༠༠༩་ལོར་ཞིན་ཅང་ལ་ཟིང་འཁྲུག་ལངས་ནས་ཡུ་གུར་བ་དང་རྒྱ་མི་རིགས་གཉིས་ལ་འཁྲུག་རྩོད་ཆེན་པོ་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། ༢༠༡༤་ནས་སྲིད་འཛིན་ཞིས་ཅིན་ཕིང་གིས་ཞིན་ཅང་ལ་དྲག་རྡུང་བྱ་དགོས་ཞེས་ལས་འགུལ་ཞིག་སྤེལ་འགོ་ཚུགས་པར་མ་ཟད། ༢༠༡༦་ལོར་ཁྲེན་ཆོན་གོ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་བསྐོ་བཞག་བྱས་ནས་དམ་དྲག་གི་སྲིད་ཇུས་དེ་སྔར་ལས་ཇེ་སྡུག་ཏུ་བཏང་འདུག་ཅེས་སྙན་ཐོའི་ནང་བཀོད་འདུག སྔ་ལོ་རྒྱ་ནག་གི་གུང་གཞོན་ཚོགས་པས་ཞིན་ཅང་གི་ཆབ་སྲིད་སློབ་གསོ་དེར་དགོས་དོན་གཅིག་ལས་མེད། དེ་ནི་ཞིན་ཅང་གི་ཡུ་གུར་བ་ཚོས་ཁྲིམས་དང་སྒྲིག་གཞི་ཁག་ལ་སློབ་སྦྱོང་བྱ་དགོས་པ་དང་ཆོས་ལུགས་ཀྱི་མཐའ་ལྷུང་གི་ལྟ་བ་དང་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ཀྱི་ལྟ་བའི་ནད་ཡམས་ཤིག་འགོས་ཡོད་པ་བཅོས་ཐབས་ཀྱི་ཆེད་དུ་ཡིན། གལ་སྲིད་ཆབ་སྲིད་ཀྱི་སློབ་གསོ་དེར་གྲུབ་འབྲས་མ་ཐོན་ན་ང་ཚོས་སློབ་ཡོན་མ་བསྡུས་པར་སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་སློབ་གསོ་སྤྲད་ནས་མཇུག་འབྲས་བཟང་པོ་ཞིག་མ་ཐོན་བར་དུ་ལས་འགུལ་རྒྱུན་འཁྱོངས་བྱ་འཆར་ཡོད་ཅེས་ཞེས་བསྒྲགས།།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་སྙན་ཐོ་དེར་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་གོ་ཐོས་འབྱུང་གི་ཡོད་པར་གཞིགས་ནས་བཀག་ཉར་ཁང་དེ་དག་གི་ནང་དུ་སྨན་བཅོས་དང་འཕྲོད་བསྟེན་གྱི་མཐུན་རྐྱེན་ཞན་པ་དང་ཡུ་གུར་བ་ཚོས་གདུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་སློབ་གསོ་དེའི་མནར་གཅོད་མ་བཟོད་པར་རང་སྲོག་གཅོད་ཐབས་བྱས་པའི་རྟགས་མཚན་འདུག བཀག་ཉར་འོག་ཏུ་ཚུད་མྱོང་བའི་མི་ཞིག་གིས་ང་ཚོར་བཀག་ཉར་ཁང་དུ་ཉིན་མཚན་མེད་པར་པར་ཆས་བཙུགས་ནས་ལྟ་རྟོག་བྱེད་ཀྱི་ཡོད་པས་འགུལ་སྐྱོད་རྒྱག་མི་ཆོག་པ་དང་སྐབས་རེར་རྒྱང་བསྒྲགས་ནང་དུ་ང་ཚོར་དུས་ཡུན་སྐར་མ་ཁ་ཤས་ལ་ངལ་གསོ་རྒྱག་ཆོག་ཅེས་བརྡ་བཏང་ཡོང་གི་འདུག ཐ་ན་ཆབ་སྲིད་ཀྱི་སློབ་གསོ་ཁང་གི་གསང་སྤྱོད་ནང་དུའང་པར་ཆས་བཙུགས་ནས་ལྟ་རྟོག་བྱེད་ཀྱིན་འདུག་ཅེས་ཉམས་མྱོང་བཤད། ཁ་སྔོན་ཕྱི་ཟླ་༨་ཚེས་༡་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་བཀག་འགོག་ལྷན་ཚོགས་ཀྱིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཡས་མས་ཤིག་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲད་དང་སྤྲོད་བཞིན་འདུག ཞིན་ཅང་ནི་འགྲོ་བ་མིའི་ཐོབ་ཐང་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་ཅིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རྒྱ་ནག་གཞུང་གིས་བཀག་ཉར་ཁང་དུ་བཅུག་པའི་ཡུ་གུར་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG