ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབར་མའི་གསར་འགོད་པ་གཉིས་བཙོན་འཇུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ན་ནིང་ཕྱི་ཟླ་༡༢་པའི་ནང་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཝ་ལོན་དང་ཁིའོ་སོ་ཨོ་གཉིས་ཡན་གུང་གྲོང་ཁྱེར་གྱི་ཟ་ཁང་ཞིག་ཏུ་འབར་མའི་ཉེན་རྟོག་པ་གཉིས་ལ་ཐུག་འཕྲད་དུ་བསྐྱོད། ཉེན་རྟོག་པ་དེ་དག་གིས་གསར་འགོད་པ་ཝ་ལོན་དང་ཁིའོ་སོ་ཨོ་གཉིས་ལ་ཡིག་ཆ་མང་པོ་ཞིག་སྤྲད་ཡོད་པས་འབར་མའི་གཞུང་གིས་༡༩༢༣་ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ལ་སྲུང་སྐྱོབ་བྱ་དགོས་པའི་བཅའ་ཁྲིམས་ལྟར་གསར་འགོད་པ་དེ་དག་འཛིན་བཟུང་བྱས་འདུག གསར་འགོད་པ་གཉིས་ཀས་གཞུང་གི་ཉེན་རྟོག་པ་དེ་དག་ལ་གསང་བའི་ཡིག་ཆ་མཁོ་སྤྲོད་བྱ་རོགས་ཞེས་རེ་བ་བཏོན་མེད། ང་ཚོར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་དང་གསང་བའི་གནས་ཚུལ་ལ་སྲུང་སྐྱོབ་མ་བྱས་པའི་ནག་ཉེས་མེད་ཅེས་ཉེས་ཁྲིམས་དེར་ངོས་ལེན་བྱེད་ཀྱི་མེད་ཅིང་། ༢༠༡༧་ལོར་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པ་དེ་དག་གིས་འབར་མའི་དམག་གིས་ཡུལ་དེའི་ར་ཁན་མངའ་སྡེའི་ཁ་ཆེ་གྲངས་ཉུང་མི་རིགས་འབུམ་༧་ལྷག་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལར་ཕྱིར་ཕུད་ཀྱིས་འབར་མའི་དམག་དང་ཉེན་རྟོག་པ་ཚོས་ཨིན་དྷིན་གྲོང་གསེབ་ཀྱི་རོ་ཧིན་གྷ་ཁ་ཆེ་ཚོ་སྡེབ་གསོད་བྱས་པའི་གནས་ཚུལ་ལ་རྩད་གཅོད་བྱེད་ཀྱི་ཡོད་མོད། འོན་ཀྱང་འབར་མའི་གཞུང་གིས་གསར་འགོད་པ་དེ་དག་འཛིན་བཟུང་བྱེད་པར་ཉེན་རྟོག་པ་གཉིས་བཏང་ནས་ཆེད་མངགས་གསར་འགོད་པ་དེ་དག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་དུ་བཅུག་པ་དང་། གསར་འགོད་པ་དེ་དག་གི་ལག་ཏུ་གསང་བའི་ཡིག་ཆ་ཡོད་པའི་སྐབས་དེར་འབར་མའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། བདུན་ཕྲག་སྔོན་མར་འབར་མའི་ཁྲིམས་ཁང་གིས་གསར་འགོད་པ་དེ་དག་ལ་བཅད་ཁྲ་སྒྲོག་རྒྱུའི་འཆར་གཞི་ཡོད་ཀྱང་ཁྲིམས་ཞིབ་གཙོ་འཛིན་ལ་སྙུང་གཞི་ཕོག་པའི་སྟབས་ཀྱིས་དེ་རིང་བར་དུ་བཅད་ཁྲ་སྒྲོག་རྒྱུ་ནར་འགྱངས་སོང་། གསར་འགོད་པ་ཝ་ལོན་དང་ཁིའོ་སོ་ཨོ་གཉིས་འཛིན་བཟུང་བྱས་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་གཏམ་བརྗོད་རང་དབང་གི་ཐོབ་ཐང་དོན་གཉེར་པ་སོགས་ཀྱིས་འབར་མའི་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ཀྱང་འབར་མ་ལོ་བཅུ་ཕྲག་མང་པོར་དམག་གི་དབང་སྒྱུར་འོག་ཏུ་ཚུད་ནས་༢༠༡༦་བར་དུ་དམངས་གཙོར་འགྱུར་ཐུབ་མེད་པར་བརྟེན། ད་དུང་ཡང་འབར་མའི་ཆབ་སྲིད་ལམ་ལུགས་ལ་དམག་གི་དབང་ཤུགས་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་དང་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པས་འབར་མའི་ཁྲིམས་ཁང་གི་ཐག་གཅོད་དེར་ཁ་རྡུང་དྲག་པོ་བཏང་སྟེ། དེ་རིང་གི་ཉིན་མོ་འདི་འབར་མ་རྒྱལ་ཁབ་ལ་ཐབས་རྡུགས་ཀྱི་ཉིན་མོ་ཞིག་ཡིན་ཞིང་། འབར་མའི་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་གསར་འགོད་པ་གཉིས་དང་འབར་མ་རྒྱལ་ཡོངས་ཀྱི་གསར་འགོད་པ་ཚོའི་ངོས་ནས་བལྟས་ཚེ། དེ་རིང་གི་ཁྲིམས་གཅོད་འདི་འབར་མ་དམངས་གཙོའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པ་དེར་རྒྱབ་ཤིག་ཆེན་པོ་ཞིག་ཡིན་པར་མ་ཟད། གསར་འགོད་པ་གཉིས་ལ་ཁྲིམས་ཐག་བཅད་པ་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ལ་མི་མཐུན་པ་དང་གཏམ་བརྗོད་རང་དབང་ལ་རྒྱབ་འགལ། འབར་མའི་གཞུང་གིས་ཉེས་སྐྱོན་འདིར་ཛ་དྲག་གི་སྒོ་ནས་ཡོ་བསྲང་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འགན་འཛིན་གྱིས་ཀྱང་འབར་མའི་གཞུང་གིས་ནག་ཉེས་མེད་པའི་མི་གཉིས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དངངས་འཚབ་སྐྱེ་དགོས་པ་ཞིག་རེད། ད་ཐེངས་ཀྱི་ཁྲིམས་གཅོད་འདིར་ཆབ་སྲིད་ཀྱི་ཀུན་སློང་འདྲེས་ཡོད་པས་འབར་མའི་གསར་འགོད་རང་དབང་ལ་གནོད་སྐྱོན་ཚབས་ཆེན་ཞིག་ཐེབས་སོང་། ཁྲིམས་གཅོད་འདིས་འབར་མའི་དམག་གིས་ཁྲིམས་འགལ་བྱེད་ཀྱི་ཡོད་པར་རྩད་གཅོད་བྱེད་མི་ཆོག་པ་དང་། གལ་སྲིད་གསར་འགོད་པ་ཚོས་རྩད་གཅོད་བྱས་ན་མཇུག་འབྲས་འདི་ལས་འགྲོ་ས་མེད་ཅེས་གསར་འགོད་པ་གཞན་རྣམས་ལ་ཉེན་བརྡ་བཏང་བ་ཞིག་མཚོན་ཐུབ་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག ད་དུང་འབར་མ་རྒྱལ་ཁབ་ཏུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པས་ཀྱང་གསར་འགོད་པ་གཉིས་ལ་ཁྲིམས་ཐག་བཅད་པར་བློ་ཕམ་ཆེན་པོ་ཡོད། འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་གཏམ་བརྗོད་རང་དབང་། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་བཅས་ལ་རྒྱབ་འགལ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་རུང་འབར་མའི་དམག་དང་སྲིད་གཞུང་གཉིས་ཀས་གསར་འགོད་པ་གཉིས་ལ་ཁྲིམས་ཐག་བཅད་པ་འདིའི་ཐད་དུ་གསར་འགྱུར་མང་པོ་ཞིག་སྤེལ་དུ་འཇུག་གི་མེད་པ་རེད།།

XS
SM
MD
LG