ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

༧གོང་ས་མཆོག་གིས་ཇོན་མེཀྐན་ནང་མིར་སེམས་གསོའི་བཀའ་ཡིག་བསྩལ་པ།


ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇོན་ མེཀྐན་རེས་གཟའ་སྤེན་པའི་ཉིན་འདས་གྲོངས་སུ་གྱུར་བ་དེ་ནི་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་། མང་གཙོ་བཅས་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་གནད་ཡོད་གྲོས་ཚོགས་འཐུས་མི་གཅིག་མེད་པར་གྱུར་བ་དང་། དེ་ཡང་ཁོང་འདས་གྲོངས་སོང་བའི་གནས་ཚུལ་ཐོན་མ་ཐག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཇོན་ མེཀྐན་གྱི་སྐུ་ཟླ་སིན་ཐི་ མེཀྐན་ལ་སེམས་གསོའི་བཀའ་ཡིག་གནང་བའི་ནང་ད་ལམ་གྲོས་ཚོགས་གོང་མའི་འཐུས་མི་ཇོན་མེཀྐན་འདས་གྲོངས་སོང་བའི་གནས་ཚུལ་གསན་པ་དེར་ཐུགས་ཕམ་ཆེན་པོ་བྱུང་བ་དང་། དཀའ་སྡུག་གི་དུས་སྐབས་འདིར་ཁྱེད་ནང་མི་ལྟོས་བཅས་ལ་ཐུགས་གསོ་གནང་གི་ཡོད་ཅེས་གསུངས་འདུག་པ་དང་། ཇོམ་མེཀྐན་ནི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་དོན་དམ་གྱི་ཐུགས་འཁུར་བཞེས་མཁན་ཞིག་ཡིན་པ་དེར་ཡི་རང་བསྔགས་བརྗོད་གནང་གི་ཡོད་པ་དང་། ལྷག་དོན་དུ་བོད་དོན་ལ་འགྱུར་བ་མེད་པའི་ཤ་ཚ་དང་རྒྱབ་སྐྱོར་གནང་བ་དེར་བཀྲིན་རྗེས་དྲན་གནང་གི་ཡོད་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ལྕམ་སིན་ཌི་མཱེ་ཁན་གང་དེར་ཆེད་ཞུ།

སྐུ་ཉིད་ཀྱི་བཟའ་ཟླ་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་མཱེ་ཁན་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་ངོས་རང་བློ་ཕངས་ཆེ་ཞིང་། ད་ལྟའི་སྐྱོ་སྡུག་གི་དུས་འདིར་ངོས་ནས་སྐུ་ཉིད་དང་བཟའ་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།།

སྐུ་ཉིད་ཀྱི་བཟའ་ཟླས་ལོ་མང་རིང་ཨ་མི་རི་ཀའི་མི་དམངས་ལ་ཞབས་འདེགས་ཞུས་པས་ངོས་རང་སྔ་མོ་ནས་དང་བ་དྲངས་པར་མ་ཟད། ༢༠༠༨་ལོར་ཁོང་ལ་ཨ་སི་པེན་ས་གནས་སུ་ངོས་རང་མཇལ་རྒྱུ་བྱུང་བར་དགའ་ཚོར་གྱིས་བརྟས།།

དམ་པ་ཁོང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་བཅས་ལ་ཐུགས་སྣང་གནང་བར་རྗེས་སུ་ཡི་རང་ཞུ་རྒྱུ་དང་། ལྷག་པར་དུ་བོད་དོན་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་ཁུར་བཞེས་པར་ངོས་ནས་ཇི་སྲིད་བར་དུ་བཀའ་དྲིན་སྙིང་བཅངས་ཞུ་རྒྱུ་བཅས་ཐུགས་སྨོན་མཚམས་སྦྱོར་གྱིས་ཕུལ།།

ཏཱ་ལའི་བླ་མ།།

XS
SM
MD
LG