ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དགེ་རྒན་ཆེན་མོ་ཞིག་བཟང་བཙོན་ཏུ་བཅུག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་༨་པའི་ཚེས་༡་གི་དགོང་མོར་ཨ་རིའི་རླུང་འཕྲིན་ཁང་གི་བརྙན་འཕྲིན་བགྲོ་གླེང་གི་ལས་རིམ་ནང་དུ་རྒྱ་ནག་ཧྲན་ཏུང་སློབ་གྲྭ་ཆེན་མོའི་དགེ་རྒན་ཟུར་པ་སུང་ཝུན་ཀོང་ལ་ཁ་པར་གྱི་ལམ་ནས་བཅར་འདྲི་ཞུ་བཞིན་པའི་སྐབས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་པ་བཏང་ནས་བཅར་འདྲི་མཚམས་འཇོག་བྱེད་དུ་བཅུག་ཡོད་པར་མ་ཟད། དགེ་རྒན་ཆེན་མོ་སུང་ཝུན་ཀོང་བཟའ་ཟླ་གཉིས་ཀ་རྒྱ་ནག་ཅི་ནན་གྲོང་གི་ཡན་ཙི་རི་ས་གནས་སུ་བཟང་བཙོན་ལ་བཅུག་ནས་བཀག་ཉར་བྱས་ཡོད་པའི་གནས་ཚུལ་བྱུང་འདུག ད་ལྟ་ཤེས་གསལ་ལྟར་ན་དགེ་རྒན་སུང་ཝུན་ཀོང་ལ་ཁ་པར་གྱི་ལམ་ནས་བཅར་འདྲི་ཞུ་བཞིན་པའི་སྐབས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་པ་བཅུ་གྲངས་ཤིག་ཁྱིམ་དུ་སླེབས་ནས་མཚན་མོ་དེ་ཉིད་ས་གནས་གཞན་དུ་ཁྲིད་ནས་མི་གཞན་ལ་འབྲེལ་བ་བྱེད་མི་ཐུབ་ཀྱི་མེད་ཅིང་། ད་ལྟ་དགེ་རྒན་ཆེན་མོ་སུང་ཝུན་ཀོང་བཟའ་ཚོ་ཟུང་གི་ཁ་པར་གྱི་བརྡ་འཕྲིན་ཡོ་ཆས་ཆ་ཚང་གཞུང་གི་ཉེན་རྟོག་པས་འཕྲོག སྤྱི་ཟླ་༨་པའི་ཚེས་༡་ཉིན་སུང་ཝུན་ཀོང་ཨ་རིའི་རླུང་འཕྲིན་ཁང་གི་བརྙན་འཕྲིན་ལས་རིམ་གྱི་དམིགས་བསལ་སྐུ་མགྲོན་དུ་གདན་འདྲེན་ཞུས་ནས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་ཤས་ལ་དངུལ་འགྲོ་གྲོན་མང་པོ་བཏང་ནས་ཕྱི་ལ་འབྲེལ་འཛུགས་ཐབས་བྱེད་བཞིན་འདུག་ཅེས་བགྲོ་གླེང་བྱེད་ཀྱི་ཡོད་ཅིང་། འདི་ནི་རྒྱ་ནག་གི་ནང་ཁུལ་ལ་མཚོན་ན་མི་མང་པོ་ཁོང་ཁྲོ་ལངས་གཞི་ཞིག་དང་ཕྱིའི་རྒྱལ་ཁབ་ཁག་ཏུ་གླེང་སློང་དང་དོགས་པ་ཆེན་པོ་བྱེད་པའི་གནད་དོན་ཞིག་ཡིན། བགྲོ་གླེང་གི་འགོ་བཙུགས་མ་ཐག་ཏུ་རྒྱ་ནག་གི་ཉེན་རྟོག་པ་སླེབས་ནས་བཅར་འདྲི་མཚམས་འཇོག་བྱེད་དུ་བཅུག་པ་ཨ་རིའི་རླུང་འཕྲིན་ཁང་གི་ཐད་གཏོང་ལས་རིམ་ལ་གཟིགས་བཞིན་པའི་མི་རྣམས་གཙོས་མི་མང་པོ་ཞིག་གིས་རྒྱ་ནག་གི་བྱེད་སྟངས་དེར་ངོ་རྒོལ་གྱི་གླེང་སློང་ཆེན་པོ་བྱེད་བཞིན་པ་རེད། སྤྱི་ཟླ་༨་ཚེས་༢་ཉིན་གྱི་ཞོགས་པར་པེ་ཅིང་དུ་བཅའ་སྡོད་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སུང་ཝུན་ཀོང་བཟའ་ཟླ་གཉིས་བཟང་བཙོན་དུ་བཀག་ཉར་བྱ་ཡུལ་ཅི་ནན་ས་ཁུལ་དུ་རྩད་གཅོད་ལ་ཕྱིན་ཀྱང་ཤེས་རྟོགས་ཐུབ་མེད། རྒྱ་ནག་ཕྱི་སྲིད་ལྷན་ཁང་དང་ཧྲན་ཏུང་སློབ་གྲྭ་ཆེན་མོར་ཁ་པར་བཏང་ནས་ཐེངས་འདིར་ཨ་རིའི་རླུང་འཕྲིན་ཁང་གིས་དམིགས་བསལ་སྐུ་མགྲོན་ལ་བཅར་འདྲི་བྱེད་བཞིན་པ་མཚམས་འཇོག་བྱེད་དུ་བཅུག་པར་ཨ་རིའི་རྒྱལ་སར་ཡོད་པའི་ཨ་རིའི་རླུང་འཕྲིན་ཁང་གི་འགོ་ཁྲིད་ཚོས་དམིགས་བསལ་གྱིས་དོ་སྣང་བྱུང་། བརྙན་འཕྲིན་ལ་ལྟ་མཁན་མི་མང་གིས་ང་ངོ་རྒོལ་ཆེན་པོ་བྱེད་བཞིན་ཡོད་པས་རྒྱ་ནག་གཞུང་གིས་རོགས་འདེགས་བྱས་ཏེ་དགེ་རྒན་ཆེན་མོ་སུང་ཝུན་ཀོང་ད་ལྟ་ས་གནས་གང་དུ་ཡོད་མེད་ཁ་གསལ་བོ་བཟོ་རྒྱུ་དང་། ཁོང་གི་བདེ་ཐང་ལ་འགན་སྲུང་བྱ་དགོས་པའི་རེ་འདུན་བཏོན་འདུག དེའི་རྗེས་སུ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་རྩད་གཅོད་བྱས་ནས་དགེ་རྒན་ཆེན་མོ་སུང་ཝུན་ཀོང་སྡོད་སའི་ཐོག་ཁང་དུ་སླེབས་ཀྱང་ཁང་སྲུང་བས་སྒོ་དམ་པོར་བརྒྱབ། རྒྱ་གཞུང་གིས་མངགས་པའི་ལྟ་སྲུང་བ་སོགས་ཀྱང་དེ་གར་མཐོང་རྒྱུ་མེད་པས་དགེ་རྒན་ཆེན་མོ་སུང་ཝུན་ཀོང་གི་ཁྱིམ་མཚེས་ཀྱང་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་དགེ་རྒན་ཆེན་མོི་ཞིོག་ཡིན་ཞིང་། ཁོང་གིས་བཤད་པ་ལྟར་ན་དགེ་རྒན་སུང་ཝུན་ཀོང་བཟའ་ཟླ་གཉིས་ཀ་ཁྱིམ་ན་མི་འདུག ད་ལྟ་གང་དུ་ཕྱིན་ཡོད་མེད་ཀྱང་ཤེས་ཀྱིན་མེད་མོད། དགེ་རྒན་ཆེན་མོ་སུང་ཝུན་ཀོང་བསྡད་ཡོད་པའི་ཐོག་ཁང་གི་ཉེ་སར་སྤྱིར་བཏང་གི་གོན་པ་གྱོན་ཡོད་པའི་མི་སྐོར་ཞིག་གིས་རྒྱུན་ཏུ་ལྟ་རྟོག་བྱེད་དུ་ཡོང་གི་འདུག་ཅེས་བརྗོད། ད་ལྟ་སུང་ཝུན་ཀོང་བཟང་བཙོན་དུ་འཇུག་ཡུལ་རེད་ཅེས་བརྗོད་བཞིན་པའི་ཡན་ཙི་རི་གྲོང་ནི་རྒྱ་ནག་དམག་ལ་གཏོགས་པའི་ས་ཁུལ་ཞིག་ཡིན། ད་ལོའི་སྤྱི་ཟླ་༤་བའི་ཟླ་སྟོད་ནས་སྤྱི་ཟླ་༦་པའི་ཟླ་སྨད་བར་དུ་སུང་ཝུན་ཀོང་བཟའ་ཟླ་གཉིས་དེ་གར་བཀག་ཉར་བྱས་འདུག ད་ཐེངས་སུང་ཝུན་ཀོང་ལ་བཅར་འདྲི་ཞུས་པའི་བརྗོད་གཞི་ནི་དངུལ་སྒོར་བཏང་ནས་ཕྱི་འབྲེལ་འཛུགས་པ་ཞེས་པ་དེ་ཡིན་པས་རྒྱ་ནག་མི་དམངས་ཀྱིས་ལྐོག་ཏུ་གཞུང་ལ་སྐྱོན་བརྗོད་བྱེད་གཞིའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར། རྒྱ་ནག་མི་དམངས་ཀྱིས་རྔུལ་ཁྲག་ལས་ཐོན་པའི་དངུལ་སྒོར་མང་པོི་ཞིག་རྒྱ་ནག་གི་འགོ་ཁྲིད་དག་གིས་རྒྱལ་ཁབ་གཞན་ལ་རོགས་རམ་སྤྲད་ནས་ཕྱི་འབྲེལ་འཛུགས་ཐབས་བྱེད་ཀྱིན་འདུག་ཅེས་མི་མང་པོས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG