ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྐྱེས་པ་ལང་ཤོར་གྱི་ཀུན་སྤྱོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་སྤྱི་ཚོགས་སུ་དབང་ཤུགས་དང་གོ་གནས་ངེས་ཅན་ཡོད་པའི་མི་ཚོས་གསར་དུ་ལས་ཀར་ཞུགས་པའི་ན་གཞོན་མ་ཚོར་བཙན་གཡེམ་དང་ལོག་གཡེམ། ཆགས་སྲེད་ཀྱི་རྣམ་འགྱུར་སྟོན་པ། འཁྲུག་སྤྱོད་དང་སུན་གཙེར་བྱེད་བཞིན་པ་བཅས་ལ་གཞུང་དང་སྤྱི་ཚོགས་གཉིས་ཀས་བསམ་ཤེས་དང་སྲུང་སྐྱོབ་བྱེད་སྲོལ་ཡོད་ཅིང་། ད་ལྟ་འཛམ་གླིང་ཡོངས་སུ་ང་ལའང་བྱུང་སོང་ཞེས་པའི་ལས་འགུལ་ཞིག་ལངས་ནས་བུད་མེད་ཚོས་མྱོང་བཞིན་པའི་དཀའ་སྡུག་རྣམས་ཕྱིར་བསྒྲགས་བྱ་ཡུལ་སྡིངས་ཆ་གསར་པ་ཞིག་རྙེད་ནས་བློ་སྟོབས་ཆེན་པོ་ཞིག་བསྐྱེད་པའི་གོ་སྐབས་ཐོབ་སྟེ། རྒྱ་ནག་གི་བུད་མེད་མང་པོ་ཕྱི་ལ་ཐོན་ནས་གོ་གནས་དང་མཚན་སྙན་ངེས་ཅན་ཡོད་པའི་སྐྱེས་པ་ཚོའི་ལངས་ཤོར་གྱི་ཀུན་སྤྱོད་རྣམས་ཐེར་འདོན་བྱེད་བཞིན་པ་རེད།

ཉིན་ཤས་གོང་དེར་རྒྱ་ནག་ལ་བཟང་སྤྱོད་ཀྱི་བྱ་དགའ་བཞེས་མྱོང་མཁན་དང་སྤྱི་ཚོགས་ལ་རོགས་སྐྱོར་ལས་གཞི་སྤེལ་མཁན་སྐད་གྲགས་ཅན་ཞིག་གིས་ཟབ་སྦྱོང་ལ་ཡོང་བའི་བུ་མོ་ཞིག་ལ་བཙན་གཡེམ་བྱས་ཚུལ་དང་། དེའི་རྗེས་སུ་རྒྱ་ནག་གི་སྤྱི་ཚོགས་དཔྱད་བརྗོད་པ་དང་གསར་འགོད་པ་རྒན་པ་ཞིག་གིས་ཟབ་སྦྱོང་ལ་ཡོང་བའི་བུ་མོ་ཞིག་ཆང་གིས་བཟི་བའི་གོ་སྐབས་བཟུང་ནས་བཙན་གཡེམ་བྱས་པ་སོགས་ཀྱི་གནས་ཚུལ་རྣམས་རིམ་བཞིན་ཐོན་པར་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་པོ་བྱུང་མོད། ཡིན་ནའང་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཁང་སྟེ། དབུས་བརྙན་འཕྲིན་གྱི་མདོ་འཛིན་པ་དང་རྒྱ་ནག་གི་ལོ་རེའི་དཔྱིད་གསར་སྤྲོ་ཚོགས་ཆེན་མོའི་མདོ་འཛིན་པ་སྐད་གྲགས་ཅན་ཀྲུའུ་ཅོན་གྱིས་ཟབ་སྦྱོང་ལ་ཡོང་བའི་བུ་མོ་ཞིག་ལ་བཙན་གཡེམ་བྱ་གྲབས་བྱས་པའི་ངན་སྤྱོད་ཐེར་འདོན་བྱུང་བ་རྣམས་རྒྱ་ནག་གི་དྲྭ་ལམ་ཡོངས་སུ་བཀག་སྡོམ་བྱས་པར་མ་ཟད། ད་ལྟ་མདོ་འཛིན་པ་སྐད་གྲགས་ཅན་དེའི་སྐོར་གྱི་གསར་འགྱུར་ཚིག་གཅིག་ཀྱང་རྙེད་རྒྱུ་མེད་པར་གྱུར་འདུག

XS
SM
MD
LG