ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་དམག་ཞབས་འདས་པོ་ཁག་ཅིག་གི་རུས་པ་ཕྱིར་སློག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ༡༩༥༠་ཐམ་པ་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་གི་དུས་སུ་ཨ་མི་རི་ཀའི་དམག་ཁྲི་ཚོ་༣་དང་སྟོང་ཕྲག་༤་མ་ཟིན་ཙམ་ཞིག་ལ་སྲོག་སྐྱོན་བྱུང་། ད་དུང་ཨ་མི་རི་ཀའི་དམག་སྟོང་ཕྲག་༨་མ་ཟིན་ཙམ་ཞིག་ཀོ་རི་ཡའི་དམག་འཁྲུག་གི་དུས་སུ་གར་སོང་ཆ་མེད་དུ་གྱུར་ནས་འཆི་གསོན་ཅི་ཡིན་རྩད་གཅོད་ཐུབ་མེད་པ་དང་། གལ་སྲིད་ཨ་མི་རི་ཀའི་དམག་མི་དེ་རྣམས་དམག་སར་འདས་གྲོངས་སུ་གྱུར་ཡོད་པ་ཡིན་ན་དམག་ཞབས་འདས་པོ་དེ་དག་གི་ཕུང་པོ་རྣམས་རང་ཡུལ་ལ་ལེན་ཐུབ་མེད་ཅིང་། ཕྱི་ཟླ་༧་ཚེས་༢༧་ཉིན་བྱང་ཀོ་རི་ཡའི་གཞུང་གིས་ཀོ་རི་ཡའི་དམག་འཁྲུག་གི་དུས་སུ་ཚེ་སྲོག་ཤོར་པའི་ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་ཀྱི་རུས་པ་ལྷག་མ་ཡིན་ཞེས་མི་ལྔ་བཅུ་ང་ལྔའི་རུས་པ་རྣམས་ཨ་མི་རི་ཀར་རྩིས་སྤྲོད་ཀྱིས་ཨ་མི་རི་ཀའི་དམག་གི་གནམ་གྲུ་ཞིག་གིས་རོ་སྒམ་ཆུང་ཆུང་༥༥་འཁྱེར་ནས་ལྷོ་ཀོ་རི་ཡར་འབྱོར། ད་ལྟ་ཨ་མི་རི་ཀའི་དམག་གི་གནམ་གྲུ་དེ་ལྷོ་ཀོ་རི་ཡའི་ཨོ་སན་དམག་གི་གནམ་ཐང་དུ་ཡོད་རུང་ཕྱི་ཟླ་༨་ཚེས་༡་ཉིན་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་དམག་གིས་མཛད་སྒོ་འཚོགས་ནས་ཨ་མི་རི་ཀའི་དམག་ཞབས་འདས་པོ་དེ་དག་གི་རུས་པ་རྣམས་རང་ཡུལ་ལ་ཕྱིར་རྫོང་བྱ་རྒྱུ། ལྷོ་ཀོ་རི་ཡ་ནས་ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་ཀྱི་རུས་པ་དེ་རྣམས་ཞི་བདེའི་རྒྱ་མཚོའི་ནང་དུ་ཆགས་པའི་ཨ་རིའི་ཧ་ཝ་ཡི་མངའ་སྡེར་འཁྱེར་རྒྱུ། ཧ་ཝ་ཡི་མངའ་སྡེའི་བརྟག་དཔྱད་ཁང་དུ་རུས་པ་དེ་རྣམས་མིའི་རུས་པ་ཡིན་མིན། གལ་སྲིད་མིའི་རུས་པ་ཡིན་ན་ཨ་མི་རི་ཀའི་དམག་ཞབས་འདས་པོ་སུ་སུའི་རུས་པ་ཡིན་མིན་དབྱེ་བ་འབྱེད་རྒྱུ་དང་། སྔོན་ཆད་བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀར་རྩིས་སྤྲོད་བྱས་པའི་རུས་པ་ཁག་ཅིག་སྤྱང་ཀི་དང་ཁྱི་སོགས་ཀྱི་རུས་པ་ཡིན་ཞིང་། ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་ཀྱི་རུས་པ་ཁག་ཅིག་རྩིས་སྤྲོད་བྱས་པའི་རྗེས་སུ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་བཀའ་དྲིན་ཆེ་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཕྱི་ཟླ་༧་པའི་ཚེས་༢༧་ཉིན་ནི་ཀོ་རི་ཡའི་དམག་འཁྲུག་བར་མཚམས་བཞག་ནས་ལོ་༦༥་འཁོར་པའི་དུས་དྲན་ཡིན་པར་མ་ཟད། ཉེ་ཆར་ཕྱི་ཟླ་༦་ཚེས་༡༢་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་ལྷོ་ཤར་ཨེ་སི་ཡའི་རྒྱལ་ཁབ་སིངྒ་པུར་དུ་ཐུག་འཕྲད་བྱས་ཏེ། ཨ་རི་དང་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་པ་ཀོ་རི་ཡའི་དམག་འཁྲུག་གི་དུས་སུ་ཚེ་སྲོག་ཤོར་པའི་ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་ཀྱི་རུས་པ་རྩིས་སྤྲོད་བྱ་རྒྱུ། ལྷོ་བྱང་ཀོ་རི་ཡ་གཉིས་དང་ཨ་མི་རི་ཀ་བཅས་ཀྱིས་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པའི་གྲོས་མཐུན་ཞིག་འཇོག་རྒྱུའི་གྲོས་མཐུན་བྱུང་བ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་བྱུང་བའི་དགོངས་དོན་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པ་རེད། ཟླ་བ་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཉེ་ཆར་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་རྡུལ་ཕྲན་མཚོན་ཆ་འཇོག་རྒྱུ་མིན་པ། ཨ་མི་རི་ཀ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཕྱིར་འཐེན་བྱ་རྒྱུ། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་སོགས་ཀྱིས་བྱང་ཀོ་རི་ཡར་མ་རྩ་བཙུགས་ནས་དཔལ་འབྱོར་རོགས་རམ་བྱ་རྒྱུའི་གྲོས་མཐུན་བྱུང་བ་རྣམས་ལག་ལེན་བསྟར་དགོས་ཞེས་ནན་སྐུལ་བྱས་འདུག སིངྒ་པུར་གྱི་ཐུག་འཕྲད་གྲོས་མོལ་སྐབས་སུ་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གཉིས་ཀྱིས་གྲོས་མཐུན་ཡིག་ཆ་ཤོག་ལྷེག་གཅིག་ལ་མིང་རྟགས་བཀོད་ཀྱང་གྲོས་མཐུན་དེའི་ཞིབ་ཆ་ཁག་ལ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་ཡོད་ལས་སྣེ་ཚོས་གྲོས་བསྡུར་བྱས་མེད་པ་དང་། སིངྒ་པུར་གྱི་གྲོས་མཐུན་དེའི་ཞིབ་ཆ་ཁག་ལག་ལེན་བསྟར་ཕྱོགས་ལ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་མི་མཐུན་པའི་འགལ་ཟླ་འབྱུང་གི་ཡོད་པ་སྟེ། ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་བའི་རྗེས་སུ་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་ཕྱིར་འཐེན་བྱ་ཆོག་ཟེར་གྱི་ཡོད་རུང་། བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཚོང་ལས་སྒོ་འབྱེད། དཔལ་འབྱོར་རོགས་རམ་སྤྲོད་རྒྱུ་རྣམས་མཉམ་དུ་ལག་ལེན་བསྟར་དགོས་ཟེར་གྱི་ཡོད་པ་རེད།།

XS
SM
MD
LG