ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཞིན་ཅང་ཡུ་གུར་བའི་གནད་དོན་སྐོར་གྱི་ཉན་ཞིབ་ཚོགས་འདུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སྤྱི་ཚེས་ཉེར་དྲུག་གི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་མྰར་ཁོ་རུའུ་སྦུས་ཨོ་ཡི་སྣེ་ཁྲིད་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ད་ལྟའི་ཞིན་ཅང་ཡུ་གུར་རིགས་གཙོས་པའི་ཞིན་ཅང་དུ་ཡོད་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཀྱི་ངོས་ནས་ཉན་ཞིབ་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་། ཉན་ཞིབ་ཚོགས་འདུ་འདི་ནི་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཡུ་གུར་ཁ་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་སྐོར་ལ་ཉན་ཞིབ་ཚོགས་འདུ་འཚོགས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་ལ། ཚོགས་ཐོག་ཏུ་ཨ་རིའི་ཉན་ཞིབ་ཚོགས་འདུ་འདི་གཙོ་སྐྱོང་བྱེད་མཁན་གྲོས་ཚོགས་འཐུས་མི་མྰར་ཁོ་རུའུ་པིས་ཨོ་ཡིས་ཞིན་ཅང་གི་གནས་སྟངས་ནི་དེང་གི་ཆར་འཛམ་གླིང་སྟེང་གི་ཆེས་འཇིགས་ཡེར་བའི་དོན་དག་གཅིག་པོ་དེ་རེད། རྒྱ་ནག་གི་ཆབ་སྲིད་དབང་སྒྱུར་འོག་ཏུ་བྱུང་བཞིན་པའི་གནས་ཚུལ་འདི་དག་ནི་བློ་ཡུལ་འདས་པའི་རྟོག་སྒྲུང་ལྟ་བུ་རེད་ཅེས་བརྗོད་ཡོད་པ་དང་ །གཞན་ཡང་ཉན་ཞིབ་ཚོགས་འདུའི་ཐོག་ཞིན་ཅང་གི་དཔང་མི་མང་པོ་ཞིག་གིས་བརྗོད་གསལ་ལ། ཞིན་ཅང་དུ་ལྐོག་ཞིབ་བྱེད་ཆས་ཀྱི་འཕྲུལ་ཆས་གང་ཡིན་སར་བཙུགས་ཡོད་པ་མ་ཟད། ཡུ་གུར་བའི་མི་རྣམས་ཀྱི་སྦྲས་ཨིན་ཨེའམ་རྒྱུད་རྒྱུ་བསྡུ་གསོག་བྱས་ཏེ་མི་ལ་ཚོད་འཛིན་བྱ་ཐབས་བྱེད་བཞིན་པ་དང་། མི་མང་པོ་གང་བྱུང་དུ་འཛིན་བཟུང་དང་མནར་གཅོད། ཡུ་གུར་རིགས་ཀྱི་ཆོས་ལུགས་དད་མོས་དང་རིག་གཞུང་ལ་ཐལ་དྲགས་པའི་སྒོ་ནས་ཚོད་འཛིན་བྱེད་བཞིན་པ་སོགས། རྒྱ་ནག་གཞུང་གིས་ཞིན་ཅང་དེ་འཛམ་གླིང་ཡོངས་ཀྱི་ཆེས་ཚད་མཐོ་བའི་ཚན་རྩལ་གྱི་ལག་ཆ་བེད་སྤྱོད་གཏོང་བཞིན་པའི་ཉེན་རྟོག་པའི་ས་ཁུལ་ཞིག་ཏུ་སྒྱུར་རྒྱུར་འབད་བརྩོན་བྱེད་ཀྱི་འདུག་ཅེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱི་སྐུ་ཚབ་ཁེ་ལས་ཁེ་རོས་ཡིས་ཀྱང་། སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་བ་ནས་བཟུང་ཞིན་ཅིན་ཕིན་གཙོས་པའི་རྒྱ་ནག་སྲིད་གཞུང་གིས་ཡུ་གུར་མི་རིགས་ལ་དྲག་གནོན་བྱས་པའི་ཚད་དེ་བསམ་ཡུལ་ལས་འདས་པ་ཞིག་རེད། དེའི་གནས་སྟངས་ནི་རྒྱ་ནག་གི་རིག་གནས་གསར་བརྗེའི་ཆེས་འཇིགས་ཡེར་བའི་དུས་སྐབས་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་རེད། ཞིན་ཅང་དུ་སྐྱེས་པ་རྣམས་ཀྱིས་ཁ་སྤུ་རིང་པོ་བཞག་མི་ཆོག་པ་དང་། བུད་མེད་རྣམས་ཀྱིས་མི་མང་ཚོགས་སར་ངོ་རས་དཀྲིས་མི་ཆོག་པ་སོགས་དང་། ཐ་མག་མི་འཐེན་པ་དང་ཆང་མི་འཐུང་བ་། ཕག་ཤ་མི་ཟ་བ། གོན་པ་ཐུང་གྲས་ཀྱི་རིགས་མི་གྱོན་པའི་ཡུ་གུར་རིགས་ཀྱི་མི་ཚང་མ་ནག་ཉེས་ཅན་དུ་བརྩིས་ཡོད་པ་མ་ཟད། གཞུང་ཕྱོགས་ཀྱི་བརྙན་འཕྲིན་ལེ་ཚན་ཁ་ཤས་ལ་ཡང་བལྟས་མི་ཆོག་པ་བཟོས་འདུག་ཅེས་དང་། ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གསར་འགོད་པའི་ཕྱག་ལས་གནང་བཞིན་པའི་ཡུ་གུར་རིགས་ཀྱི་གསར་འགོད་པ་ཞིག་གིས་བརྗོད་དོན་ལ། ད་ལོའི་སྤྱི་ཟླ་གཉིས་པའི་ནང་ཞིན་ཅང་དུ་ཡོད་པའི་ཁོ་མོའི་ཤ་ཉེ་སྤུན་ཟླ་ཉི་ཤུ་ལྷག་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཉིན་གཅིག་ལ་འཛིན་བཟུང་བྱས་འདུག་པ་དང་། དེའི་སྔོན་ལ་ཁོ་མོའི་ནུ་བོ་ཡང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཞིན་ཅང་དུ་ཡོད་པའི་སློབ་གསོ་བསྐྱར་མ་སྤེལ་སར་བཀག་ཉར་བྱས་པ་རེད། དེ་རིང་ངས་འདི་རུ་ཁོ་ཚོར་མནར་གཅོད་བཏང་ཡོད་པའི་གནས་ཚུལ་ལ་བདེན་དཔང་བྱེད་ཀྱི་ཡོད་ནའང་ངའི་སེམས་པ་ཧ་ཅང་སྐྱོ་སྟེ། རྒྱུ་མཚན་ངའི་ཕ་མ་གཉིས་ད་ལྟ་ད་དུང་ཡང་བཙོན་ལ་བཅུག་ཡོད་པ་དང་།འཛིན་བཟུང་བྱས་ཡོད་པའི་ང་ཡི་ཤ་ཉེ་སྤུན་ཟླ་ཉི་ཤུ་ཡོད་པ་དག་ཀྱང་ད་དུང་གར་ཡོད་ཤེས་ཀྱི་མེད་མོད། ཕལ་ཆེར་ཁོ་ཚོ་ཚང་མ་སྲིད་གཞུང་གི་སློབ་གསོ་བསྐྱར་མ་སྤེལ་ས་ཅེས་པར་བཀག་ཉར་བྱས་ཡོད་རྒྱུ་རེད་ཅེས་མིག་ནས་མཆི་མ་འདོན་བཞིན་བརྗོད་འདུག་པ་དང་། གཞན་པའི་ཁོ་མོའི་གསར་འགོད་པའི་ལས་རོགས་ལྔ་ཡི་ནང་མི་རྣམས་ཀྱང་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ད་སྔ་ཞིན་ཅང་དུ་སློབ་གསོ་བསྐྱར་མ་སྤེལ་ས་ཅེས་པའི་བཀག་ཉར་ཁང་དུ་བཅུག་པའི་ཡུ་གུར་རིགས་ཀྱི་མི་འབོར་མི་ས་ཡ་གཅིག་ལ་སླེབས་འདུག་ཅེས་སགར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་ནའང་། བཙན་བྱོལ་དུ་ཡོད་པའི་ཞིན་ཅང་གི་ཡུ་གུར་རིགས་ཀྱི་ལས་འགུལ་བ་རི་པུ་ཡིས་ཨ་རིའི་རླུང་འཕྲིན་ཁང་དུ་བརྗོད་གསལ་ལ། ཁོ་མོའི་ཁྱིམ་གཅིག་པོ་ནས་ད་སྔ་རྒྱ་གཞུང་གིས་མི་སུམ་བཅུ་ལྷག་འཛིན་བཟུང་བྱས་ཡོད་པ་དང་། ད་སྔ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཡུ་གུར་རིགས་ཀྱི་མི་འབོར་གྱི་གྲངས་ཀ་ངོ་མ་དེ་ས་ཡ་གཉིས་ལ་སླེབས་ཡོད་པ་དང་། བྱིས་པ་མང་པོ་དྭ་ཕྲུག་ཁང་དུ་སྐྱེལ་དགོས་བྱུང་ཡོད་ཅེས་བཤད་འདུག

XS
SM
MD
LG