ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རི་དང་ཡུ་རོབ་གཉིས་ཀྱི་སྒོ་ཁྲལ་གྲོས་མཐུན།


༄༅།། ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཇན་ཁེར་གཟའ་འཁོར་འདིར་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ནས་ཕོ་བྲང་དཀར་པོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐུག་འཕྲད་གྲོས་མོལ་གྱིས་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀས་གཅིག་གི་དངོས་ཟོག་ལ་ཅིག་ཤོས་ཀྱིས་སྒོ་ཁྲལ་སྤར་རྒྱུ་ངང་འཐེན་བྱ་རྒྱུ། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱིས་ཕན་ཚུན་དངོས་ཟོག་གི་སྒོ་ཁྲལ་སྤར་ཕྱོགས་ལ་བསྐྱར་དུ་གྲོས་བསྡུར་བྱ་རྒྱུའི་གྲོས་མཐུན་བྱུང་འདུག འདི་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྡང་ཟུག་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཁྱབ་བསྒྲགས་བྱས་ནས་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱི་འབྲེལ་བ་སྡུག་ཏུ་སོང་སྟེ། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་ལ་ཚོང་དམག་ཆེན་པོ་ཞིག་ལང་སྲིད་པའི་ཉེན་ཀ་ཡོད་པ་དེར་འགྱུར་བ་དང་ཨ་མི་རི་ཀ་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་ཕྱོགས་སུ་ཕྱིར་ལོག་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན། ད་དུང་ཨ་མི་རི་ཀ་དང་མེཀ་སི་ཀོ ཁེ་ན་ཌ་གསུམ་གྱིས་བྱང་ཨ་རིའི་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་བཞག་ཡོད་པར་ཌོ་ནལ་ཊོམ་གྱིས་བརྩི་མེད་བཏང་ནས་བསྐྱར་དུ་གྲོས་མོལ་བྱ་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པའི་འགལ་ཟླ་ཡང་སེལ་ཐུབ་སྲིད་པའི་རྟགས་མཚན་ཞིག་ཡོད་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་དེ་ཉིད་ཞི་འཇམ་འགྲོ་སྲིད་པའི་རྟགས་མཚན་མེད་ཅིང་། རྒྱལ་སྤྱིའི་ཨེ་ཝྭ་ཁོར་མ་རྩ་འཛུགས་འཇོག་ཉམས་ཞིབ་ཁང་གི་གཙོ་འཛིན་གཞོན་པ་ཀིར་ཤི་ན་གུ་ཧས་རྩོམ་ཡིག་ཅིག་བྲིས་ཡོད་པ་དེར་འཁོད་དོན། ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཚོང་དམག་གི་འགལ་ཟླ་སློང་རྒྱུ་ཤུགས་ཆུང་དུ་གཏོང་གི་ཡོད་པའི་རྣམ་པ་ཞིག་ཐོན་རུང་༢༠༡༩་ཡི་སྔོན་ལ་རྒྱ་ནག་དང་ཨ་མི་རི་ཀས་ཚོང་དམག་འདི་ཐག་གཅོད་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་རྟགས་མཚན་མི་འདུག་ཅེས་བཤད། སིངྒ་པུར་གྱི་ཉམས་ཞིབ་ཁང་ཞིག་གིས་མཁས་པ་ཧྭ་ཧཀ་བིན་གྱིས་ཀྱང་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཚོང་དམག་གི་འགལ་ཟླ་ཆུང་དུ་བཏང་ནས་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲོད་རྒྱུའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་སྲིད། ཌོ་ནལ་ཊོམ་གྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་པའི་ཚོང་དོན་སྲིད་ཇུས་དེར་ནུས་པ་འཐོན་གྱི་འདུག་ཅེས་འུར་སྒྲོགས་བྱ་སྲིད། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གཉིས་ལ་ཚོང་དོན་གྱི་གྲོས་མཐུན་ཞིག་བྱུང་བའི་རྗེས་སུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འགལ་ཟླ་ཤུགས་ཆེ་རུ་འགྲོ་སྲིད་པའི་ཉེན་ཀ་འདུག་ཅེས་བཤད། སྔོན་ཆད་པེ་ཅིང་དུ་བཅའ་སྡོད་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཟུར་པ་ཨན་ཌི་རོ་ཐེ་མན་གྱིས་ཌོ་ནལ་ཊོམ་དང་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་གཉིས་ཀྱིས་གྲོས་བསྡུར་བྱས་ནས་ཚོང་དོན་གྱི་གྲོས་མཐུན་ཞིག་བྱུང་ཡོད་པ་དེ་ལ་བལྟས་ཚེ། ཌོ་ནལ་ཊོམ་ལ་གྲོས་མོལ་བྱ་ས་ཡོད་པ་དང་རིན་གོང་གཏམ་རྒྱུ་ཡོད་པའི་མི་ཞིག་ཡིན་པ་ར་འཕྲོད། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཀྱང་ཌོ་ནལ་ཊོམ་ལ་གྲོས་མོལ་བྱས་ནས་ཡུ་རོབ་མཉམ་འབྲེལ་ལྟར་ཚོང་དམག་ཟློག་པའི་གྲོས་མཐུན་ཞིག་འཇོག་ཐུབ་པའི་ཁོར་ཡུག་ཡོད་པ་ངོ་འཕྲོད་པ་རེད། ངས་བལྟས་ན་ཡུ་རོབ་མཉམ་འབྲེལ་ལས་ཀྱང་རྒྱ་ནག་གིས་ཨ་མི་རི་ཀར་ཚོང་ལས་ཁེ་ཕན་མང་བ་སྤྲོད་ཐུབ། ཞིས་ཅིན་ཕིང་གིས་སུ་གཅིག་ལ་བསྟུན་མི་དགོས་པར་རང་གི་འདོད་པ་ལྟར་ཐག་གཅོད་བྱེད་ཆོག་པ་དང་སྲིད་འཛིན་ཞིས་ཅིན་ཕིང་གིས་ཁྲོམ་རའི་དཔལ་འབྱོར་གཙིགས་སུ་འཛིན་པའི་ལྟ་བ་ཞིག་བཟུང་འདུག་ཅེས་བརྗོད། ཡིན་ནའང་ཨེ་ཤི་ཡའི་ཚོང་དོན་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་ཌེ་བྷོ་ར་ཨིལྨ་སི་ཡིས་ཡུ་རོབ་མཉམ་འབྲེལ་ལ་སྒོ་ཁྲལ་སྤར་རྒྱུ་མིན་པའི་ཁས་ལེན་བྱས་པ་ཙམ་ལ་དགའ་དགོས་དོན་མེད། ཌོ་ནལ་ཊོམ་གྱིས་རྒྱ་ནག་ལའང་སྒོ་ཁྲལ་སྤར་རྒྱུ་མིན་པའི་ཁས་ལེན་ཐེངས་གཉིས་བྱས་ཀྱང་མཐར་ཐུག་ཨ་སྒོར་དུང་ཕྱུར་༣༤༠་ཐམ་པའི་སྒོ་ཁྲལ་སྤར་ཟིན་པར་མ་ཟད། ད་དུང་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཁྲག་ཁྲིག་གཉིས་ཀྱི་སྒོ་ཁྲལ་སྤར་རྒྱུའི་འཆར་གཞི་ཡོད་པ་དང་། ཁྱོན་བསྡོམས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཁྲག་ཁྲིག་ལྔའི་སྒོ་ཁྲལ་སྤར་སྲིད་པའི་ཉེན་ཀ་འདུག་ཅེས་བཤད། ཨ་མི་རི་ཀའི་དངུལ་ཁང་ཆེ་ཁག་ཚོས་ཀྱང་ཡུ་རོབ་མཉམ་འབྲེལ་དང་ཨ་མི་རི་ཀས་སྒོ་ཁྲལ་སྤར་རྒྱུ་ངང་འཐེན་བྱ་རྒྱུའི་གྲོས་མཐུན་ཞིག་འཇོག་ཐུབ་ཡོད་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ཞི་འཇམ་གཏོང་རྒྱུའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུའི་རྟགས་མཚན་མི་འདུག་ཅེས་གསར་འགྱུར་སྤེལ། རྒྱ་ནག་དང་ཨ་མི་རི་ཀར་ཨ་སྒོར་ཁྲག་ཁྲིག་༥་ལྷག་གི་ཚོང་ལས་ཆ་མཉམ་མེད་པའི་རྩོད་གཞི་ཆེན་པོ་ལངས་ཡོད་པ་རེད།།

XS
SM
MD
LG