ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

པ་ཀི་སི་ཐན་གྱི་འོས་འདེམས་དང་དྲག་ཟིང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེང་སྐབས་པ་ཀི་སི་ཐན་རྒྱལ་ཡོངས་སུ་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པ་དང་གཟའ་ལྷག་པའི་ཉིན་པ་ཀི་སི་ཐན་གྱི་ནུབ་ཕྱོགས་སུ་ཆགས་པའི་བྷ་ལུ་ཆི་སི་ཐན་ཞིང་ཆེན་གྱི་རྒྱལ་ས་སྟེ། ཁུའེ་ཏ་གྲོང་ཁྱེར་དུ་རང་སྲོག་བློས་གཏོང་བ་ཞིག་གིས་འབར་མདེལ་གྱིས་གཏོར་རྒོལ་བྱས་ནས་མི་༢༩་བསད་པ་དང་མི་༣༥་ལ་རྨས་སྐྱོན་ཕོག པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞི་ཚུགས་ཡོད་པའི་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་འབར་མདེལ་གྱི་གཏོར་རྒོལ་དེའི་ལན་ཁག་ངོས་ལེན་བྱས་འདུག ཁུའེ་ཏ་གྲོང་ཁྱེར་གྱི་འོས་ཤོག་འཕེན་ས་ཁག་ལ་པ་ཀི་སི་ཐན་གྱི་ཉེན་རྟོག་པ་ཚོས་བདེ་འཇགས་སྲུང་སྐྱོབ་དམ་པོ་བྱེད་ཀྱི་ཡོད་ཀྱང་འཕྲུལ་རྟ་བཞོན་པའི་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཞིག་གིས་ཉེན་རྟོག་པའི་རླངས་འཁོར་ལ་རྡུང་ཁ་བརྒྱབ་ནས་གཏོར་རྒོལ་བྱུང་ཞིང་། འདས་པའི་ལོ་ཤས་ཤིག་ལ་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་ཁ་ཆེ་རྒྱལ་ཁམས་ཞེས་པའི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཚུགས་པར་ཨ་མི་རི་ཀ་དང་ཨུ་རུ་སུ། ཏུར་ཀི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག ཨི་རཀ་དང་སི་རི་ཡའི་གཞུང་དམག སི་རི་ཡའི་གྱེན་ལོག་པ་བཅས་ཀྱིས་འཐབ་རྒོལ་བྱས་ནས་ཁ་ཆེ་རྒྱལ་ཁམས་ཀྱི་སྒྲིག་འཛུགས་དེ་ཉིད་རྩ་མེད་བཏང་ཟིན་རུང་འཇིགས་སྐུལ་རིང་ལུགས་པ་རྣམས་འཛམ་གླིང་ཡུལ་གྲུ་གང་སར་ཁ་འཐོར་དུ་སོང་། ད་ལྟ་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་མང་པོ་ཞིག་པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན་གྱི་མཐའ་མཚམས་ཁག་ཏུ་གཞི་ཚུགས་ཡོད་པས་ཟླ་བ་འདིའི་མགོ་སྟོད་དུ་བྷ་ལུ་ཆི་སི་ཐན་ཞིང་ཆེན་གྱི་མ་སི་ཏུང་ས་གནས་སུ་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོར་རྒོལ་བྱས་ནས་ས་གནས་དེའི་འོས་འདེམས་བྱ་ཡུལ་ཞིག་ཏུ་མི་༡༤༩་བསད་པ་དང་མི་མང་པོ་ཞིག་རྨས། པ་ཀི་སི་ཐན་རྒྱལ་ཡོངས་སུ་དམག་འབུམ་༣་དང་ཁྲི་ཚོ་༧་ལྷག་འགྲེམ་འཇོག་བྱས་ནས་མི་མང་གིས་འོས་ཤོག་འཕེན་ཡུལ་ཁག་ལ་སྲུང་སྐྱོབ་བྱེད་དུ་འཇུག་གི་ཡོད་རུང་༢༠༡༣་ནས་པ་ཀི་སི་ཐན་ལ་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བྱ་རྒྱུ་ལྡབ་ལྔ་མང་དུ་སོང་། སྲིད་དོན་ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པ་ལྟར་ན་བཙོན་དུ་ཚུད་པའི་སྲིད་བློན་ཟུར་པ་ན་ཝ་ཟི་ཤ་རིབ་ཀྱི་སྲིད་དོན་ཚོགས་པ་དང་པ་ཀི་སི་ཐན་གྱི་དབྱུག་རྩེད་ལྒང་ལི་མཁས་པ་ཨིམ་རན་ཁན་གྱི་སྲིད་དོན་ཚོགས་པ་གཉིས་ཀར་ཕྱོགས་ལས་རྣམ་པར་རྒྱལ་བའི་འོས་འདེམས་ཀྱི་རྒྱལ་ཁ་ཞིག་འཐོབ་མི་སྲིད། ཨིམ་རན་ཁན་ལ་པ་ཀི་སི་ཐན་གྱི་ས་གནས་མང་དག་ཅིག་ལ་དགའ་མོས་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་འདུག་ཀྱང་པ་ཀི་སི་ཐན་གྱི་མི་འབོར་མང་ཤོས་ཏེ། པན་ཇབ་ཞིང་ཆེན་དུ་སྲིད་བློན་ཟུར་པ་ན་ཝ་ཟི་ཤ་རིབ་ཀྱི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་པ་མང་བ་ཡོད་ཅིང་། ཉེ་ཆར་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ན་ཝ་ཟི་ཤ་རིབ་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་བཙོན་དུ་བཅུག་ཡོད་པར་མ་ཟད། པ་ཀི་སི་ཐན་གྱི་དམག་གིས་ཨིམ་རན་ཁན་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཏུ་འཇུག་རྒྱུའི་རོགས་རམ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཕོག ༡༩༤༧་ལོར་པ་ཀི་སི་ཐན་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་ནས་བཟུང་སྟེ་རྒྱལ་ཁབ་དེའི་དམག་གིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་གཞུང་རྣམས་མགོ་རྟིང་སློག་ནས་པ་ཀི་སི་ཐན་དམག་གི་དབང་སྒྱུར་འོག་ཏུ་ཐེངས་གཉིས་ཚུད། ལོ་ན་༣༡་ལ་སོན་པའི་ཏུ་ཧྥེལ་ཨ་ཟི་ཟི་ཞེས་པ་ཞིག་གིས་པ་ཀི་སི་ཐན་གྱི་རེ་བ་བཅོལ་ས་ཨིམ་རན་ཁན་གཅིག་པུ་རེད། ཨིམ་རན་ཁན་གྱིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་ཐུབ་པའི་རེ་བ་ཡོད་ཅེས་འོས་ཤོག་འཕངས། པ་ཀི་སི་ཐན་བ་དུང་ཕྱུར་༡་དང་ས་ཡ་༦་གིས་སྤྱི་ཡོངས་འོས་འདེམས་ལ་འོས་ཤོག་འཕེན་གྱི་ཡོད་པ་དང་སང་ཉིན་གཟའ་ཕུར་བུའི་ཕྱི་དྲོ་ཙམ་ལ་སྲིད་དོན་ཚོགས་པ་གང་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་ཡིན་མོད། འོན་ཀྱང་པ་ཀི་སི་ཐན་གྱི་སྲིད་དོན་ཚོགས་པ་གང་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཀྱང་དཔལ་འབྱོར་ཉམས་རྒུད་སོང་ཡོད་པ་སླར་གསོ་དང་ཨ་མི་རི་ཀ་དང་པ་ཀི་སི་ཐན་གྱི་འབྲེལ་བ་སྡུག་ཏུ་སོང་ཡོད་པ་སླར་གསོ། པ་ཀི་སི་ཐན་རྒྱལ་ཡོངས་སུ་མི་དམངས་ལ་འཐུང་ཆུ་འདང་ངེས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་སེལ་རྒྱུ། པ་ཀི་སི་ཐན་གྱི་མི་འབོར་བརྒྱ་ཆ་༤༠་ལྷག་ཡིག་རྨོངས་ཡིན་པ་རྣམས་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བསྐྲུན་རྒྱུ། ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞི་ཚུགས་ནས་རྒྱལ་ཁབ་དེ་སླར་ཡང་འཇིགས་སྐུལ་རིང་ལུགས་པའི་རྟེན་གཞི་ཞིག་ཏུ་འགྱུར་གྱི་ཡོད་པར་འཐབ་རྒོལ་བྱ་རྒྱུ། ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན་གྱི་འབྲེལ་བ་བཟང་པོ་མེད་པ་ཡར་རྒྱས་གཏོང་དགོས་པ་དང་པ་ཀི་སི་ཐན་གྱི་ཏ་ལི་བན་ཤོག་ཁག་གིས་ཟིང་འཁྲུག་བསླངས་ནས་དམངས་གཙོའི་སྲིད་གཞུང་མགོ་རྟིང་སློག་ཐབས་བྱེད་ཀྱི་ཡོད་པ་བཅས་སྲིད་བློན་གསར་པ་དེས་དཀའ་ངལ་སྣ་མང་ཞིག་ལ་གདོང་ལེན་བྱ་དགོས་ངེས་ཤིག་ཏུ་གྱུར། པ་ཀི་སི་ཐན་གྱི་དམག་དང་ཨིམ་རན་ཁན་གཉིས་ཀས་དམག་དང་ཨིམ་རན་ཁན་གྱི་སྲིད་དོན་ཚོགས་པ་ཁ་མཐུན་བྱས་ནས་ན་ཝ་ཟི་ཤ་རིབ་ལ་ཁ་གཏད་གཅོག་གི་མེད་ཅེས་དག་སྐྱེལ་བྱས་འདུག པ་ཀི་སི་ཐན་ལ་མི་འབོར་དུང་ཕྱུར་༢་དང་ས་ཡ་༨་ཡོད་པ་དེར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་༢༧༢་ཀྱི་གདན་ཐོབ་ཡོད་པས་སྲིད་དོན་ཚོགས་པ་ཞིག་ལ་འཐུས་མི་གྲངས་མང་གི་གདན་གྲངས་མ་འཐོབ་ཚེ། སྲིད་དོན་ཚོགས་པ་གཅིག་གིས་ཀྱང་རང་ངོས་ནས་སྲིད་གཞུང་འཛུགས་དཀའ། དེར་བརྟེན་ཨིམ་རན་ཁན་གྱི་སྲིད་དོན་ཚོགས་པར་འོས་འདེམས་རྒྱལ་ཁ་ཐོབ་པའི་དབང་དུ་བཏང་རུང་སྲིད་དོན་ཚོགས་པ་གཞན་ཁག་ལ་མཉམ་འབྲེལ་བྱས་ནས་མཉམ་སྐྱོང་སྲིད་གཞུང་ཞིག་འཛུགས་དགོས་ཐུག་སྲིད། པ་ཀི་སི་ཐན་ལ་སྲིད་གཞུང་བརྟན་པོ་ཞིག་འཛུགས་རྒྱུ་ཅི་ཙམ་འགོར་ན་དེ་ཙམ་གྱིས་རྒྱལ་ཁབ་དེའི་དཔལ་འབྱོར་ཉམས་རྒུད་སོང་ནས་པ་ཀི་སི་ཐན་གཞུང་གིས་སླར་ཡང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་ལ་སྐྱབས་འཇུག་ཞུ་དགོས་ཐུག་སྲིད། ཨིམ་རན་ཁན་གྱི་སྲིད་དོན་ཚོགས་པས་རྒྱ་ནག་ལ་པ་ཀི་སི་ཐན་གྱི་དཔལ་འབྱོར་རྒུད་སྐྱོབ་བྱ་དགོས་ཞེས་རེ་བ་ཞུ་རྒྱུ་མིན་པའི་ཐག་བཅད། སྲིད་བློན་ཟུར་པ་ན་ཝ་ཟི་ཤ་རིབ་ཀྱི་སྲིད་དོན་ཚོགས་པས་ལོ་འདིའི་སྤྱི་ཡོངས་འོས་འདེམས་ནི་པ་ཀི་སི་ཐན་གྱི་དམངས་གཙོའི་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པའི་འོས་འདེམས་ཤིག་ཡིན། པ་ཀི་སི་ཐན་གྱི་དམངས་སྲིད་ལ་དམག་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པ་འགོག་ཐབས་ཀྱི་འོས་འདེམས་ཤིག་ཡིན་ཞེས་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་པ་རེད།།

XS
SM
MD
LG