ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕུ་ཀྲིན་ཕོ་བྲང་དཀར་པོར་མགྲོན་འབོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཕྱི་ཟླ་༧་ཚེས་༡༦་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་རང་རང་གི་སྐད་སྒྱུར་མ་གཏོགས་དྲུང་ཡིག་དང་ལས་སྣེ་གཞན་པ། གསར་འགོད་པ་སོགས་སུ་གཅིག་མེད་པར་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཧྥིན་ལན་ཌིའི་རྒྱལ་ས་ཧེལ་སིང་ཀིར་ཐུག་འཕྲད་ཀྱིས་དུས་ཡུན་ཆུ་ཚོད་གཉིས་ལ་གྲོས་བསྡུར་ཅི་ཞིག་བྱས་ཡོད་མེད། ཌོ་ནལ་ཊོམ་སྲིད་འཛིན་ཕུ་ཀྲིན་གྱི་མགོ་སྐོར་འོག་ཏུ་ཚུད་ནས་ཨ་མི་རི་ཀའི་རྩ་དོན་དང་ལངས་ཕྱོགས་ཅི་ཞིག་བློས་བཏང་ཡོད་མེད་རྣམས་ཤེས་རྟོགས་གསལ་བོ་ཞིག་ཐུབ་ཀྱི་མེད་པར་བརྟེན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ཌོན་ལ་ཊོམ་གྱི་སྐད་སྒྱུར་གྲོས་ཚོགས་སུ་འབོད་འགུགས་བྱས་ནས་ཧལ་སིང་ཀི་གྲོང་ཁྱེར་དུ་ཕུ་ཀྲིན་དང་ཌོ་ནལ་ཊོམ་གཉིས་ཀྱིས་གནད་དོན་ཅི་ཞིག་ལ་གྲོས་བསྡུར་བྱས་ཡོད་མེད་ཉན་ཞིབ་བྱ་དགོས་ཞེས་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་ཅིང་། ཁ་སང་ཕྱི་ཚེས་༡༩་ཉིན་ཕོ་བྲང་དཀར་པོས་དྲྭ་ལམ་དུ་ལོ་འདིའི་སྟོན་དུས་སུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་གདན་འདྲེན་ཞུ་རྒྱུ་ཡིན། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཕོ་བྲང་དཀར་པོར་ཕུ་ཀྲིན་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཨ་རིའི་གྲོས་ཚོགས་དང་གསར་འགྱུར་ལས་ཁང་ཁག སྲིད་དོན་ཉམས་ཞིབ་པ་རྣམས་དང་ཨ་མི་རི་ཀའི་ཤེས་ཡོན་ཅན། ཨ་རིའི་མི་དམངས་བཅས་པ་ཕོ་བྲང་དཀར་པོའི་གསར་འགོད་གསལ་བསྒྲགས་དེར་ཧ་ལས་ཧོན་འཐོར། དཔེར་ན་ཨ་མི་རི་ཀའི་གསང་བའི་ལས་ཁང་ཡོད་དོ་ཅོག་གི་སྤྱི་ཁྱབ་འགན་འཛིན་ཌན་ཀོ་ཊི་ལ་ཨ་མི་རི་ཀའི་ཨེན་བྷི་སི་བརྙན་འཕྲིན་ཁང་གི་བཅར་འདྲི་ཞུས་པའི་དུས་སུ་གསར་འགོད་པས་ཤོག་ལྷེབ་ཅིག་ལ་བལྟས་ནས་ཕོ་བྲང་དཀར་པོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ཝ་ཤིང་ཊོན་ལ་གདན་འདྲེན་ཞུས་འདུག་ཅེས་བསྒྲགས། ཨ་རིའི་གསང་བའི་ལས་ཁང་ཁག་གི་སྤྱི་ཁྱབ་འགན་འཛིན་གྱིས་གསར་འགོད་པ་ཁ་འཕྱུག་པ་མིན་ནམ་སྙམ་སྟེ་བསྐྱར་དུ་ཤོད་དང་ཞེས་དྲིས། གསར་འགོད་པས་ཕུ་ཀྲིན་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་འདུག་ཅེས་བསྐྱར་ཟློས་བྱས་པར་ཌན་ཀོ་ཊི་དགོད་ན་དགོད་མི་ཤེས་པ་དང་ངུ་ན་ངུ་མི་ཤེས་པ་ལྟ་བུ་ཞིག་ཏུ་གྱུར། ཁོང་གིས་དབུགས་རིང་ཞིག་བཏང་ནས་འདི་ནི་དམིགས་བསལ་ཞིག་ལ་འགྱུར་རྒྱུ་རེད་ཅེས་བཤད། ཨ་རིའི་གསང་བའི་ལས་ཁང་ཁག་དང་རྒྱལ་སྲུང་ལྷན་ཁང་། ཨ་རིའི་གྲོས་ཚོགས། ཨ་རིའི་དམག་དོན་མི་སྣ་ཁག་དང་ཕྱི་འབྲེལ་མི་སྣ་ཚོས་ཌོ་ནལ་ཊོམ་གྱིས་སི་རི་ཡ་དང་ཡུཀ་རེན་གྱི་གནད་དོན་ཐོག་ཏུ་ཨུ་རུ་སུ་ལ་གུ་བཤངས་ཆེན་པོ་ཞིག་བྱས་ཡོད་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པར་མ་ཟད། ད་དུང་ཕུ་ཀྲིན་གྱིས་ཨ་རིའི་གཞུང་གིས་ནག་ཉེས་བཙུགས་པའི་ཨུ་རུ་སུའི་སྤྱི་དམངས་༡༢་ལ་ཨ་མི་རི་ཀའི་ཞིབ་གཅོད་པ་རྣམས་ཨུ་རུ་སུར་ཡོང་ནས་འདྲི་གཅོད་བྱེད་ཆོག ཨུ་རུ་སུའི་གཞུང་གིས་ནག་ཉེས་བཙུགས་ཡོད་པའི་ཨ་མི་རི་ཀའི་སྤྱི་དམངས་རྣམས་ཨ་རིའི་གཞུང་གིས་ཨུ་རུ་སུར་རྩིས་སྤྲོད་བྱས་ནས་འདྲི་གཅོད་བྱེད་དུ་འཇུག་དགོས་ཞེས་གྲོས་གཞི་བཏོན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྲིད་འཛིན་ཕུ་ཀྲིན་གྱི་གྲོས་གཞི་དེར་བསྔགས་པ་བརྗོད། གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་གོང་མས་འཐུས་མི་༩༨་ཀྱིས་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཁག་གམ། ཡང་ན་སྤྱི་དམངས་རྣམས་ཨུ་རུ་སུ་ལ་རྩིས་སྤྲོད་བྱས་ནས་འདྲི་གཅོད་བྱེད་དུ་འཇུག་མི་ཆོག་ཅེས་སྤྱི་མོས་ཀྱི་གྲོས་ཆོད་བཞག གྲོས་གཞི་དེར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གཅིག་གིས་ཀྱང་ངོ་རྒོལ་གྱི་འོས་ཤོག་མ་འཕངས་པར་སྲིད་འཛིན་ཌོ་ནལ་ཊོམ་ལ་གོ་བརྡ་གསལ་བོ་ཞིག་བཏང་ཞིང་། དེ་ནས་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ཨུ་རུ་སུའི་གཞུང་ལ་ཨ་མི་རི་ཀའི་སྤྱི་དམངས་ཚོར་འདྲི་གཅོད་བྱེད་དུ་འཇུག་རྒྱུ་རེད་ཟེར་པའི་སྐད་ཆ་དེ་རྣམས་བསམ་ཚུལ་ཙམ་རེད་ཅེས་འགྲེལ་བཤད་བརྒྱབ་ནས་སྲིད་འཛིན་ཌོ་ནལ་ཊོམ་ལ་ནོར་འཁྲུལ་ཆེན་པོ་བྱུང་བ་ཡོ་བསྲང་བྱེད་པའི་ཐབས་སུ་འབད། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཀྱང་ཨ་མི་རི་ཀའི་སྤྱི་དམངས་ཚོར་ཨུ་རུ་སུའི་གཞུང་ལ་འདྲི་གཅོད་བྱེད་དུ་འཇུག་རྒྱུ་ནི་ནམ་ཡང་ཡོང་ཐབས་མེད་ཅེས་བཤད། ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་ཨུ་རུ་སུའི་དམག་དོན་གསང་བའི་ལས་ཁང་གི་མཐོ་རིམ་ལས་སྣེ་༡༢་ཀྱིས་༢༠༡༦་ལོར་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་ཡོད་པ་ཁུངས་སྐྱེལ་ར་སྤྲོད་གསལ་བོ་བྱས་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱི་མདུན་དུ་ཨ་རིའི་གསང་བའི་ལས་ཁང་ཁག་གི་ཞིབ་འཇུག་སྙན་ཐོར་ཡིད་ཆེས་མེད་པའི་དོགས་པ་བསླངས ཁོང་གིས་ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་ལས་ཀྱང་ཨུ་རུ་སུའི་སྲིད་འཛིན་གྱི་སྐད་ཆར་ཆ་འཇོག་བྱས་པ། ཁོང་གིས་ཨ་མི་རི་ཀས་ལོ་༧༠་ལྷག་ལ་རྩ་འཛིན་བྱས་པའི་ལྟ་བ་དང་ལངས་ཕྱོགས་རྣམས་བརྩི་མེད་བཏང་ནས་ཨུ་རུ་སུའི་སྲིད་འཛིན་ལ་བསྟུན་མཁས་བྱས་ནས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱེད་མི་ཆོག་ཅེས་བཀའ་མོལ་ནན་པོ་ཞིག་གནང་ཐུབ་མེད་པར་ཁ་རྡུང་དྲག་པོ་ཕོག སྲིད་དོན་ཉམས་ཞིབ་པ་ཚོས་གཟའ་འཁོར་འདིར་ཌོ་ནལ་ཊོམ་གྱིས་ཧྥིན་ལན་ཌིའི་རྒྱལ་ས་ཧེལ་སིང་ཀིར་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ཐུག་འཕྲད་གྲོས་མོལ་བྱས་པ་གཏན་ནས་ཡག་པོ་ཞིག་བྱུང་མེད། དེར་བརྟེན་ད་ལོའི་ཕྱི་ཟླ་༡༡་པའི་འོས་འདེམས་མ་བྱས་གོང་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ཝ་ཤིང་ཊོན་ལ་གདན་འདྲེན་ཞུས་ནས་སྐབས་དེར་ཕུ་ཀྲིན་ལ་གྲོས་མོལ་མཁྲེགས་པོ་ཞིག་བྱ་རྒྱུ་དང་ཕྱི་ཟླ་༡༡་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་གནོད་སྐྱོན་མི་འབྱུང་བའི་ཐབས་ཇུས་ཤིག་འཛིན་གྱི་ཡོད་སྲིད་ཅེས་བཤད་འདུག ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གི་སྤྱི་ཁྱབ་འགན་འཛིན་ཌན་ཀོ་ཊིས་ང་ལ་ཌོ་ནལ་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་གྲོས་མོལ་ཇི་ལྟར་བྱ་དགོས་མིན་སྐད་ཆ་དྲིས་ཡོད་ཚེ། ངས་སྲིད་འཛིན་ཌོ་ནལ་ཊོམ་ལ་ལམ་སྟོན་མ་འདྲ་བ་ཞིག་བྱས་ཡོད་ངེས་ཀྱང་ང་ལ་སྐད་ཆ་དྲིས་མ་སོང་། གྲོས་མོལ་གྱི་འགན་ནི་ངའི་ལས་འགན་མིན། ང་ལ་དེའི་འཁྲི་ཡང་མེད། ད་སྟེ་གྲོས་མོལ་དེ་ཇི་ལྟར་བྱུང་བ་ནི་དེ་ལྟར་རེད་ཅེས་བཤད། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་གྱི་མངའ་ཁོངས་ཁེ་རེ་མི་ཡ་བཙན་འཕྲོག་དང་འཇོར་ཇི་ཡའི་ས་གནས་ཁག་ཁག་ཅིག་ལ་ཟིང་འཁྲུག་བསླངས་ནས་ཞི་བདེ་བརྟན་ལྷིང་མེད་པར་བཏང་བ། ཕུ་ཀྲིན་གྱིས་དམར་ཤོག་གི་དབང་སྒྱུར་སྐབས་ཀྱི་ཨུ་རུ་སུའི་མངའ་ཁོངས་སླར་གསོ་བྱ་རྒྱུའི་ཧམ་སེམས་འཆང་སྟེ་ཤར་ཡུ་རོབ་དང་སི་རི་ཡ་གཙོས་དཀྱིལ་ཤར་ས་ཁུལ་ལ་ཨུ་རུ་སུའི་ཤུགས་རྐྱེན་ཁྱབ་སྤེལ་གཏོང་གི་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་༡༩༤༩་ནས་ཚུགས་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྐྱོན་བརྗོད་འབའ་ཞིག་བྱས་ནས་དམག་དོན་སྒྲིག་འཛུགས་དེའི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་ཚུལ་བཞིན་གཏོང་གི་མི་འདུག ཨ་མི་རི་ཀས་རྒྱལ་ཁབ་དེ་དག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་པ་འོས་འཚམས་ཤིག་མིན་ཞེས་གཏམ་བཤད་ལན་མང་བྱས། གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་དང་ཕུ་ཀྲིན་གཉིས་གཅིག་པུར་དུས་ཡུན་ཆུ་ཚོད་གཉིས་ལ་ཐུག་འཕྲད་གྲོས་མོལ་བྱས་པར་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་ཅེས་ཁག་ཐེག་གང་ཐུབ་བྱེད་ཀྱི་འདུག་གོ

XS
SM
MD
LG