༄༅།། ཨ་མི་རི་ཀ་དང་དབྱིན་ཇི་གཉིས་ལ་མི་རིགས་དང་སྐད་ཡིག ལོ་རྒྱུས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་ཅིང་། ལྷག་པར་དུ་འཛམ་གླིང་དམག་ཆེན་གཉིས་པའི་དུས་ནས་དབྱིན་ཇི་དང་ཨ་མི་རི་ཀར་རྒྱལ་ཁབ་གཞན་དང་མ་འདྲ་བའི་དམིགས་བསལ་གྱི་འབྲེལ་བ་ཞིག་ཚུགས། དཔེར་ན་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་དབྱིན་ཇིའི་སྲིད་བློན་ཝིན་སི་ཊོན་ཆིར་ཆིལ་ཨ་མི་རི་ཀར་ཕེབས་ནས་ཕོ་བྲང་དཀར་པོར་ཟླ་བ་མང་པོར་བཞུགས། ཁོང་དང་ཨ་རིའི་སྲིད་འཛིན་རུ་སུ་ཝེལ་ཊི་གཉིས་ཀྱིས་འཇར་མན་ན་ཛིའི་དམག་ལ་འཐབ་རྒོལ་ཇི་ལྟར་བྱ་དགོས་མིན་ཨ་མི་རི་ཀ་ཡུ་རོབ་ཀྱི་དམག་འཁྲུག་ལ་ངེས་པར་དུ་ཞུགས་དགོས་ཞེས་ཆིར་ཆིལ་གྱིས་སྐུལ་ལྕག་བཏང་བ། ཨ་རིའི་སྲིད་འཛིན་རུ་སི་ཝེལ་ཊི་དང་དབྱིན་ཇིའི་སྲིད་བློན་ཆིར་ཆིལ་གཉིས་ཀྱི་ཐོ་རེངས་བར་དུ་ཕོ་བྲང་དཀར་པོར་ཨ་རག་འཐུང་ནས་དམག་འཁྲུག་གི་གྲོས་བསྡུར་བྱས་ནས་དུས་འདའ། ཐ་ན་སྐབས་དེའི་ཨ་རིའི་སྲིད་འཛིན་གཙོ་གཞོན་གཉིས་ལས་ཀྱང་དབྱིན་ཇིའི་སྲིད་བློན་དང་ཨ་རིའི་སྲིད་འཛིན་གྱི་འབྲེལ་བ་དམ་ཟབ་བྱུང་སྟེ། འདས་པའི་ལོ་༧༠་ལྷག་ལ་ཨ་མི་རི་ཀ་དང་དབྱིན་ཇི་གཉིས་ལྟ་བ་གཅིག་དང་ལངས་ཕྱོགས་གཅིག ༢༠༠༣་ལོར་ཨ་རིའི་སྲིད་འཛིན་འཇོར་ཇི་བྷུ་ཤིས་ཨི་རཀ་ལ་དམག་བརྒྱབ་ནས་དབྱིན་ཇི་བ་ཁག་ཅིག་གིས་འཇོར་ཇི་བྷུ་ཤིར་ངོ་རྒོལ་བྱས་པ་ལས། ད་ལྟ་ཌོ་ནལ་ཊོམ་ལ་དབྱིན་ཇི་བ་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པ་འདི་འདྲ་ཞིག་ཨ་རིའི་སྲིད་འཛིན་ཞིག་ལ་ནམ་ཡང་དབྱིན་ཇིའི་མི་མང་གིས་ངོ་རྒོལ་བྱས་མྱོང་མེད་ཅིང་། གཟའ་འཁོར་འདིར་སྲིད་འཛིན་ཌོ་ནལ་ཊོམ་ཡུ་རོབ་ལ་འཚམས་འདྲིར་ཕེབས་ནས་བཟུང་སྟེ་ཟིང་ཆ་ཆེན་པོ་ཞིག་བསླངས། ཐོག་མར་ཌོ་ནལ་ཊོམ་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་ཚུལ་བཞིན་གཏོང་གི་མི་འདུག་ཅེས་ཟླ་བ་མང་པོར་སྡུག་སྐད་བརྒྱབ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཚོགས་ཆེན་གོང་དེར་ཌོ་ནལ་ཊོམ་གྱིས་འཇར་མན་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འགྲོ་གྲོན་ཁས་ལེན་བྱས་པ་ལྟར་གཏོང་གི་མི་འདུག འཇར་མན་ཎི་ཨུ་རུ་སུའི་ལག་འོག་ཏུ་ཚུད་ཡོད་པ་དང་འཇར་མན་ཎིས་ཨུ་རུ་སུ་ནས་ཨ་སྒོར་དུང་ཕྱུར་མང་པོའི་རང་བྱུང་སོལ་རླངས་ནང་འདྲེན་བྱེད་ཀྱི་ཡོད་པ་འོས་འཚམས་ཤིག་མིན། གལ་སྲིད་ཨུ་རུ་སུས་འཇར་མན་ཎིར་དམག་བརྒྱབ་ནས་བཙན་འཛུལ་བྱས་ན་ཨ་མི་རི་ཀས་འཇར་མན་ཎིར་སྲུང་སྐྱོབ་བྱ་དགོས་ཞེས་ཁ་རྡུང་དྲག་པོ་བཏང་བར་མ་ཟད། ཁ་སང་གཟའ་ཕུར་བུའི་ཉིན་ཌོ་ནལ་ཊོམ་གྱིས་སྔོན་ནས་གཏན་འབེབས་མེད་པར་གློ་བུར་དུ་གསར་འགོད་ལྷན་ཚོགས་བསྐོངས། ཁོང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་དམག་དོན་འགྲོ་གྲོན་ཁ་སྣོན་བྱ་རྒྱུའི་གྲོས་མཐུན་བྱུང་སོང་ཞེས་བསྒྲགས། ཧྥ་རན་སིའི་སྲིད་འཛིན་གྱིས་འཕྲལ་དུ་གསར་འགོད་ལྷན་ཚོགས་སྐོང་ནས་ང་ཚོས་རང་གི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱི་འབོར་བརྒྱ་ཆ་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འགྲོ་གྲོན་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་པ་དེར་འགྱུར་བ་མེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགྲོ་གྲོན་བརྒྱ་ཆ་༤་ལ་སྤར་དགོས་པའི་གྲོས་མཐུན་བྱུང་མེད་ཅེས་དགག་པ་བརྒྱབ། དབྱིན་ཇིའི་སྲིད་བློན་ཊེ་རི་ས་མཱེས་སྲིད་འཛིན་ཌོ་ནལ་ཊོམ་ལ་སྣེ་ལེན་གཟབ་རྒྱས་ཞུས་ཏེ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་ཨ་མི་རི་ཀ་དང་དབྱིན་ཇི་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཌོ་ནལ་ཊོམ་གྱིས་དེའི་སྔོན་དེར་དབྱིན་ཇིའི་ཚགས་པར་ཤིག་གི་གསར་འགོད་པར་སྲིད་བློན་ཊེ་རི་ས་མཱེས་གྲོས་མཐུན་ལག་ལེན་བསྟར་སྟངས་འདི་འདྲ་ཡིན་ཚེ། ང་ཚོས་དབྱིན་གཞུང་ལ་གྲོས་མཐུན་འཇོག་རྒྱུའི་ཚབ་ཏུ་ཡུ་རོབ་མཉམ་འབྲེལ་ལ་ཐད་ཀར་གྲོས་མཐུན་བཞག་ན་ལེགས་ཞེས་བཤད། ད་དུང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལོན་ཌོན་གྲོང་ཁྱེར་གྱི་སྤྱི་ཁྱབ་སི་དྷིཀ་ཁན་གྱི་འཛིན་སྐྱོང་འོག་ཏུ་དབྱིན་ཇིའི་རྒྱལ་སར་ཁྲིམས་འགལ་གྱི་ཉེས་དོན་དར་ཁྱབ་འགྲོ་བཞིན་འདུག་ཅེས་ཁ་རྡུང་བཏང་ཡོད་པ་རེད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་དབྱིན་ཇིའི་སྲིད་བློན་ཊེ་རི་ས་མཱེས་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱེད་ཕྱོགས་ཀྱི་གྲོས་མོལ་ནན་པོ་ཞིག་ལག་ལེན་བསྟར་ཐུབ་ཀྱིན་མི་འདུག དབྱིན་ཇིའི་མི་དམངས་ཀྱིས་རང་གི་རྒྱལ་ཁབ་དེ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་འོས་ཤོག་འཕངས་པ་རེད། ཡིན་ནའང་སྲིད་བློན་ཊེ་རི་ས་མཱེས་གྲོས་མཐུན་དོན་འཁྱོལ་ཡོང་གི་མི་འདུག་ཅེས་སྐྱོན་བརྗོད་བྱས་པ་དང་། གཟའ་པ་སངས་ཉིན་གསར་འགོད་པ་ཚོས་སྲིད་འཛིན་ཌོ་ནལ་ཊོམ་ལ་སྔ་ཉིན་བཤད་པའི་སྐད་ཆ་དེ་ཚོར་འགྱོད་པ་འདུག་གམ་ཞེས་དྲིས་ཀྱང་མགོ་བོ་ལྕོག་ལྕོག་བྱས་ནས་འགྱོད་པ་མེད་ཟེར་པའི་བརྡ་བསྟན། ཉེ་ཆར་སྲིད་བློན་ཊེ་རི་སི་མཱེའི་སྲིད་གཞུང་གི་ཁོངས་ནས་གནང་བ་ཞུས་པའི་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཟུར་པ་བྷོ་རི་སི་ཇཱོན་སན་མི་འཇོན་ཐང་ཅན་ཞིག་རེད། ཁོ་པ་དབྱིན་ཇིའི་སྲིད་བློན་ལ་བསྐོ་བཞག་བྱས་ན་རླབས་ཆེན་གྱི་སྲིད་བློན་ཞིག་འཁྱོངས་ས་རེད་ཅེས་བསྔགས་པ་བརྗོད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་དབྱིན་ཇིའི་གཞུང་འབྲེལ་མི་སྣ་ཁག་གི་བར་དུ་འགལ་ཟླ་སློང་བ་དང་སྲིད་བློན་ཊེ་རི་ས་མཱེའི་སྟོབས་ཤུགས་གཅོག་པའི་གླེང་སློང་བྱས་རུང་། ཌོ་ནལ་ཊོམ་གྱིས་དབྱིན་ཇིའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་ཟུར་པ་ཇཱོན་སན་གཉིས་ལ་འགལ་ཟླ་སློང་གི་མེད་ཅེས་བསྙེན། ཡུ་རོབ་ཀྱི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཕལ་ཆེ་བས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གཟའ་མཇུག་འདིར་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱེད་ཀྱི་ཡོད་རུང་། དབྱིན་ཇིའི་སྲིད་བློན་གྱིས་སྲིད་འཛིན་ཌོ་ནལ་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་ཐུག་འཕྲད་བྱ་འཆར་ཡོད་པར་དགའ་བསུ་ཡོད། ཨུ་རུ་སུ་དང་ཨ་མི་རི་ཀས་ཕན་ཚུན་འབྲེལ་བ་བྱས་ནས་འཁྲུག་རྩོད་ལ་གཡོལ་ཐབས་བྱ་དགོས་ཞེས་རྒྱབ་སྐྱོར་བྱས་པ་དང་། སྲིད་བློན་ཌོ་ནལ་ཊོམ་གྱིས་ང་ལ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་དགའ་བསུ་ཞུ་ཡི་མི་འདུག དེར་བརྟེན་ལས་ངའི་ལས་རིམ་མང་ཆེ་བ་ལོན་ཌོན་གྲོང་ཁྱེར་གྱི་ཕྱི་ལོགས་སུ་ཡོད་ཅེས་བཤད་ཀྱང་སྲིད་དབྱིན་ཇི་བ་ཚོས་རྗེས་འདེད་བྱས་ནས་ཨ་རིའི་འཛིན་ཌོ་ནལ་ཊོམ་གང་དུ་ཕེབས་ཀྱང་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།