ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ད་ལྟ་ཡུ་རོབ་རྒྱལ་ཁབ་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་འཚོགས་བཞིན་ཡོད་ཅིང་། ཡུ་རོབ་ལས་འཛིན་ལྷན་ཁང་གི་གཙོ་འཛིན་ཌོ་ནལ་ཊ་སི་ཀིས་ཨ་མི་རི་ཀར་མཐུན་གྲོགས་མང་པོ་ཞིག་མེད། ཨ་མི་རི་ཀས་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དགའ་བ་སྒོམ་ནས་རྗེས་སུ་ཡི་རང་ཞུ་དགོས། རྟག་ཏུ་རང་གི་འཐབ་གྲོགས་སུ་ཡིན་དང་འཐབ་ཡུལ་སུ་ཡིན་ངོས་ཟིན་ན་དགེ་མཚན་ཆེ་ཞེས་སྲིད་འཛིན་ཌོ་ནལ་ཊོམ་ལ་སྔོན་བརྡ་བཏང་སྟེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྟག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་ཡི་རང་མ་བྱུང་བའི་རྣམ་འགྱུར་བསྟན། གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེར་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་གསར་འགོད་པ་ཚོར་བརྗོད་དོན། ངས་བལྟས་ན་ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་ཨུ་རུ་སུའི་ལག་འོག་ཏུ་ཚུད་ཡོད་པ་དང་། འཇར་མན་ཎིས་ཨུ་རུ་སུ་ནས་རང་བྱུང་སོལ་རླངས་ནང་འདྲེན་བྱས་ནས་ཚོང་ལས་གཉེར་གྱིན་འདུག གལ་སྲིད་ཨུ་རུ་སུས་འཇར་མན་ཎིར་བཙན་འཛུལ་བྱས་ན་ཨ་མི་རི་ཀས་འཇར་མན་ཎིར་སྲུང་སྐྱོབ་བྱ་དགོས། འཇར་མན་ཎིས་ཨ་སྒོར་དུང་ཕྱུར་མང་པོ་ཨུ་རུ་སུ་ལ་རང་བྱུང་སོལ་རླངས་ཀྱི་རིན་འབབ་སྤྲད་ནས་འབྱོར་ཕྱུག་ལྡན་པ་ཞིག་ཏུ་སྒྱུར་གྱི་ཡོད་པ་འོས་འཚམས་ཤིག་གཏན་ནས་མིན། འདི་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ངེས་པར་དུ་ཞིབ་འཇུག་བྱ་དགོས། འཇར་མན་ཎི་ཨུ་རུ་སུའི་བཀོད་ཇུས་འོག་ཏུ་ཚུད་ཡོད་པ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་ཉེན་ཀ་ཞིག་ཡིན། འཇར་མན་ཎིས་རང་བྱུང་སོལ་རླངས་བརྒྱ་ཆ་༧༠་ཙམ་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱིན་འདུག་ཅེས་སྐྱོན་བཙུགས། དོན་དངོས་སུ་འཇར་མན་ཎིས་ཨུ་རུ་སུ་ནས་རང་བྱུང་སོལ་རླངས་བརྒྱ་ཆ་༥༡་མ་ཟིན་ཙམ་ཞིག་ལས་ནང་འདྲེན་བྱེད་ཀྱི་མེད་ཅིང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ང་ཚོར་ནང་ཁུལ་གྱི་འགལ་ཟླ་འབྱུང་སྲིད། ཡིན་ནའང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ན་སྟོབས་ཤུགས་ཆེ་ཞེས་ཨ་མི་རི་ཀ་དང་འཇར་མན་ཎིའི་འགལ་ཟླ་ཆུང་དུ་གཏོང་བའི་ཐབས་སུ་འབད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་འཇར་མན་ཎི་ཨུ་རུ་སུའི་ལག་འོག་ཏུ་ཚུད་འདུག་ཅེས་སྐྱོན་བརྗོད་བྱས་པར་འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་གྱིས་དགག་པ་བརྒྱབ། འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོ་ཨུ་རུ་སུ་ལ་གནད་དོན་མང་པོ་ཞིག་གི་ཐོག་ཏུ་མཐུན་གྱི་མེད། ཡིན་ནའང་ང་ཚོས་རང་གི་དགྲ་གཉེན་གཉིས་ཀར་འབྲེལ་བ་འཛིན་དགོས་ངེས་ཡིན་ཞེས་ལན་བཏབ། འཇར་མན་ཎིས་ཨུ་རུ་སུ་ནས་རང་བྱུང་སོལ་རླངས་ཕོན་ཆེན་ཞིག་ནང་འདྲེན་བྱེད་ཀྱི་ཡོད་པ་དང་ཨུ་རུ་སུས་ཚོང་ལས་བརྒྱུད་ནས་འཇར་མན་ཎིར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ། ད་དུང་ཨུ་རུ་སུ་ནས་ཡུ་རོབ་རྒྱལ་ཁབ་ཁག་ལ་རང་བྱུང་སོལ་རླངས་ཕྱིར་ཚོང་བྱེད་པའི་ལྕགས་སྦུག་ཅིག་འཐེན་གྱི་ཡོད་པ་དེར་འཇར་མན་ཎིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཕོ་ལན་ཌི་གཙོས་ཡུ་རོབ་རྒྱལ་ཁབ་མང་དག་ཅིག་གིས་འཇར་མན་ཎིར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་འཇར་མན་ཎི་གཙོ་བོར་གྱུར་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་ཆེ་བས་རང་གི་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་གྱི་བརྒྱ་ཆ་གཉིས་དམག་དོན་ལ་འགྲོ་གྲོན་གཏོང་གི་མི་འདུག ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགྲོ་གྲོན་བརྒྱ་ཆ་༧༡་དང་གྲངས་ཆུང་༡་གཏོང་གི་ཡོད། འཇར་མན་ཎི་དང་ཁེ་ན་ཌ་སོགས་ཀྱིས་དམག་དོན་འགྲོ་གྲོན་ཁས་ལེན་བྱས་པ་རྣམས་གཏོང་ཐབས་བྱ་དགོས་ཞེས་ནན་གྱིས་བསྐུལ། དེང་སྐབས་ཨ་མི་རི་ཀ་དང་དབྱིན་ཇི། གྷེ་རི་སི་དང་ཨེ་སི་ཊོ་ཎི་ཡ། ལ་ཊི་ཝྭི་ཡ་བཅས་རྒྱལ་ཁབ་ལྔ་མ་གཏོགས་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་གྱི་བརྒྱ་ཆ་གཉིས་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་མེད། ཧྥ་རན་སི་དང་ཕོ་ལན་ཌི་སོགས་ཀྱིས་དམག་དོན་འགྲོ་གྲོན་བརྒྱ་ཆ་གཉིས་ལོངས་གྲབས་ཡོད་ཀྱང་འཇར་མན་ཎིས་བརྒྱ་ཆ་གཅིག་དང་ཕྱེད་ཀ་ཙམ་ལས་གཏོང་གི་མེད་པ་རེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ནི་༡༩༤༩་ལོར་ཚུགས་ནས་ཨུ་རུ་སུའི་བཙན་འཛུལ་འགོག་པའི་ཆེད་དུ་ཡིན་ཞིང་། ད་ལྟ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་ཚོགས་འཐུས་རྒྱལ་ཁབ་༢༩་ཡོད་མོད། འོན་ཀྱང་འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁེལ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གིས་སྔར་བཞིན་ཨ་མི་རི་ཀར་བློ་གཏོད་མི་ཐུབ་པའི་རྩིས་རྒྱག་གི་ཡོད་པ་ལྟར་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་གཞན་ཚོས་ཀྱང་ཨ་མི་རི་ཀས་དམག་དོན་འགྲོ་གྲོན་གཏོང་དགོས་ཞེས་མུ་མཐུད་དུ་ཨུ་ཚུགས་བརྒྱབ་ཚེ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁ་འཐོར་འགྲོ་སྲིད། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འབྲེལ་བ་ཅི་ཙམ་སྡུག་ཏུ་སོང་ན་ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འགལ་ཟླ་བསླངས་ཏེ། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཨུ་རུ་སུའི་ཤུགས་རྐྱེན་རྒྱ་སྐྱེད་འགྲོ་སྲིད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་ཆེན་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུའི་ཕུ་ཀྲིན་ལ་ཐུག་འཕྲད་བྱས་ཏེ། ཌོ་ནལ་ཊོམ་དང་ཕུ་ཀྲིན་གཉིས་ཀྱིས་ཨ་མི་རི་ཀ་དང་ཨུ་རུ་སུའི་འབྲེལ་བ་ཡར་རྒྱས་བཏང་ནས་ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་བློས་གཏོང་སྲིད་ཅེས་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་བློ་འཚབ་ཡོང་གི་འདུག་གོ

XS
SM
MD
LG