ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཌོ་ནལ་ཊོམ་ལ་སྐྱོན་བརྗོད་བྱེད་མི་ཆོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཕྱི་ཟླ་༧་ཚེས་ཚེས་༦་ནས་རྒྱ་ནག་དང་ཨ་མི་རི་ཀས་ཕན་ཚུན་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་ཉི་ཤུ་རྩ་ལྔའམ། ཡང་ན་ཨ་སྒོར་དུང་ཕྱུར་༣༤༠་ཐམ་པ་རེའི་སྒོ་ཁྲལ་སྤར་རྒྱུའི་སྲིད་ཇུས་ལག་ལེན་བསྟར། འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་དང་ཨང་གཉིས་པ་གཉིས་ལ་ཚོང་དམག་ཆེན་པོ་ཞིག་ལངས། ཚོང་དམག་གི་འགལ་ཟླའི་ཐོག་ཏུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་ཕྱོགས་ཡོངས་ནས་དོ་ཕོག་འགྲོ་སྲིད་པའི་ཉེན་ཀ་ཆེན་པོ་ཡོད་པས་པེ་ཅིང་གི་དབང་འཛིན་པ་ཚོས་རང་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་ལ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་འབྲེལ་ལ་གསར་འགྱུར་སྤེལ་དུས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐད་ཀར་སྐྱོན་བརྗོད་བྱེད་པའམ། ཡང་ན་ཌོ་ནལ་ཊོམ་ལ་ཕོག་ཐུག་འགྲོ་བའི་ཚིག་རྩུབ་ཀྱི་གསར་འགྱུར་སྤེལ་མི་ཆོག་ཅེས་བཀོད་འདོམས་བྱས་འདུག རྒྱ་ནག་གི་གསར་འགྱུར་འབྱུང་ཁུངས་ཤིག་གིས་བཤད་པ་ལྟར་ན་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཚིག་རྩུབ་ཀྱི་སྐྱོན་བརྗོད་དང་ཁོ་པ་སྒེར་ལ་ཕོག་ཐུག་འགྲོ་བའི་གསར་འགྱུར་སྤེལ་ཆོག་གི་མེད། ཅིའི་ཕྱིར་ཞེ་ན་ང་ཚོར་ཌོ་ནལ་ཊོམ་ལ་ཚིག་རྩུབ་ཀྱི་གསར་འགྱུར་སྤེལ་ནས་སྐྱོན་བརྗོད་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་སོང་ཞེས་བཤད། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཚོང་ལས་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་བྱས་ཀྱང་ཌོ་ནལ་ཊོམ་སྒེར་ལ་སྐྱོན་བརྗོད་བྱེད་ཀྱི་མེད་སྟེ། དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ཅིག་ལངས་ཡོད་པའི་ལན་ཁག་གཙོ་བོ་ཨ་རིའི་གཞུང་གི་སྲིད་ཇུས་ཐུག་ཡོད་ཅེས་སྐྱོན་བརྗོད་བྱེད་པ་ལས་སྲིད་འཛིན་ཌོ་ནལ་ཊོམ་དམིགས་འབེན་དུ་བཟུང་མེད་ཅིང་། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་སྐྱོན་བརྗོད་བྱེད་དུ་འཇུག་གི་མེད་པ་ནི་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་འགལ་རྐྱེན་མི་འབྱུང་བའི་ཆེད་དུ་ཡིན་པའི་ཚོད་དཔགས། ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༥་ཡས་མས་ནས་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་དངོས་ཟོག་གིས་འཛམ་གླིང་གི་ཁྲོམ་ར་དབང་དུ་བསྒྱུར་དགོས་ཟེར་པ་སྟེ། ཕྱི་ལོ་༢༠༢༥་ནས་རྒྱ་ནག་འཛམ་གླིང་གི་འཕྲུལ་རིག་ལག་རྩལ་གྱི་འབྱུང་ཁུངས་སུ་བསྒྱུར་དགོས་ཟེར་པའི་སྲིད་ཇུས་ཀྱང་དྲིལ་བསྒྲགས་ཆེན་པོ་བྱ་མི་དགོས་པའི་བཀོད་འདོམས་བྱས་འདུག ཨ་རིའི་ཕྱོགས་ནས་ཀྱང་རྒྱ་ནག་གི་ཚོང་ལས་སྲིད་ཇུས་ལ་སྐྱོན་བརྗོད་དང་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ། རྒྱ་ནག་གིས་བསམ་བཞིན་མི་དམངས་ཤོག་སྒོར་གྱི་འཛའ་ཐང་གཅོག་གི་ཡོད་པ་རྣམས་ཚོང་ལས་ཀྱི་གཡོ་ཐབས་ཤིག་རེད་ཅེས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་རུང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་བསྔགས་བརྗོད་དང་ཞིས་ཅིན་ཕིང་སྒེར་ལ་ཕོག་ཐུག་གཏོང་གི་མེད་པར་མ་ཟད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གི་གནས་སྟངས་གང་འདྲ་ཞིག་ལ་གྱུར་ཀྱང་ཞིས་ཅིན་ཕིང་ངའི་གྲོགས་པོ་ཡིན་པ་དེར་འགྱུར་བ་མེད་ཅེས་བསྔགས་པ་བརྗོད། སྔ་ལོ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་ཀྱིས་ཕན་ཚུན་མཚང་མིང་འདོགས་བྱ་རེས་དང་ངན་སྨོས། ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འགལ་ཟླ་དེ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་སྒེར་གྱི་འཁོན་འཛིང་ཞིག་ཏུ་གྱུར། ཐ་ན་ཨ་མི་རི་ཀས་བྱང་ཀོ་རི་ཡར་དམག་རྒྱག་གྲབས་བྱས་མོད། གལ་སྲིད་ལོ་འདིའི་ཕྱི་ཟླ་༢་པར་ལྷོ་ཀོ་རི་ཡར་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཚུགས་ཐུབ་མེད་ཚེ། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་དང་ཛ་དྲག་ཞི་འཇམ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་སོང་ནས་ཀིམ་ཇུང་ཨུང་དང་ཌོ་ནལ་ཊོམ་གཉིས་ཐུག་འཕྲད་བྱས་ཐུབ་མེད་ཅིང་། དེར་བརྟེན་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ཨ་མི་རི་ཀའི་འགོ་ཁྲིད་ཚོས་ཀྱང་ཕྱོགས་གཉིས་ཀྱི་ཚོང་ལས་འགལ་ཟླ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་སྒེར་དོན་ཞིག་ལ་འགྱུར་དུ་འཇུག་འདོད་མེད་པའི་རྟགས་ཤིག་བསྟན་ནོ།།

XS
SM
MD
LG