ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༢༣

རྒྱལ་རོང་གི་བོད་སྐད་གནས་སྟངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་གངས་རྒྱན་མེ་ཏོག་ཅེས་པའི་སྐད་འཕྲིན་གྱི་འཕྲིན་སྟེགས་ཤིག་ཏུ་དགེ་རྒན་ཆུང་ཆུང་ཞེས་པ་ཞིག་གི་མིང་ཐོག་ཏུ་ཤར་རྒྱལ་མོ་ཚ་བ་རོང་གི་སློབ་གསོའི་གནས་སྟངས་ཞེས་རྒྱ་ཡིག་ཏུ་བྲིས་པའི་རྩོམ་ཡིག་ཅིག་ལ་མི་མང་པོས་དོ་སྣང་དང་ཀློག་གྲངས་ཆིག་ཁྲི་བདུན་སྟོང་བརྒྱད་བརྒྱ་ལྷག་བརྒལ་ཡོད་པའི་རྩོམ་ཡིག་དེ་ཉིད་སྒྲ་འཇུག་བྱས་ནས་འཕྲིན་སྟེགས་དེའི་སྟེང་དུ་བཀོད། རྩོམ་ཡིག་དེར་འབར་ཁམས་གྲོང་ཁྱེར་ནི་རྔ་པ་བོད་རིགས་དང་ཆང་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་གཙོ་བོ་ཡིན་པར་མ་ཟད། གནམ་གཤིས་དྲོ་གྲང་སྙོམས་པོ་དང་མཐུན་རྐྱེན་འཛོམས་པོ། ཕྱོགས་གང་སར་འགྲིམ་འགྲུལ་བྱེད་མཁན་མང་ས་ཞིག་ཡིན། ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་སོགས་གནས་ཆེན་ཁག་མཇལ་ས་ཡོད་པས་མཇལ་སྐོར་བའང་མང་ཞིང་། ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་རྒྱལ་མོ་ཚ་བ་རོང་ལ་ས་དགེ་བཀའ་རྙིང་གི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་དུ་བྱོན། ད་ལྟའི་བར་དུ་རྒྱལ་མོ་ཚ་བ་རོང་ནས་དགའ་ལྡན་ཁྲི་པ་བདུན་ཕེབས། དམག་དོན་མཁས་པའི་དམག་དཔོན་ཡང་མང་པོ་བྱུང་མྱོང་ས་ཞིག་ཡིན་ཞེས་བཀོད། དུས་ཀྱི་འགྱུར་བ་དང་བསྟུན་ནས་རྒྱལ་རོང་ལ་འགྱུར་ལྡོག་ཆེན་པོ་བྱུང་རུང་འབར་ཁམས་ཉེ་འཁྲིས་ཀྱི་སྡེ་མི་རྣམས་ཀྱི་སེམས་སུ་སོ་སོའི་སྐད་ཡིག་དང་རིག་གནས་ཀྱི་ཐོབ་ཐང་དེ་གཞན་དང་འདྲ་མཉམ་ཡིན་པའི་ཚོར་བ་ཤིག་གཏན་ནས་སླེབས་དཀའ། དཔལ་འབྱོར་གྱི་ཐོག་ཏུ་སྔོན་ཆད་རྒྱལ་རོང་གི་མི་རྣམས་ཀྱི་འཚོ་བ་ནི་ཞིང་འབྲོག་གཉིས་ལ་བརྟེན། དེང་སྐབས་སྲིད་གཞུང་གིས་རྨོ་སྐྱུར་ནགས་སྐྱོང་གི་སྲིད་ཇུས་ལག་བསྟར་བྱས་ནས་འབྲོག་ལས་མཚམས་འཇོག ས་ཞིང་ཉུང་ཉུང་ཞིག་ལས་ལྷག་མེད་པས་མི་རབས་རྗེས་མ་ཚོས་འཚོ་བ་ཇི་ལྟར་སྐྱེལ་དགོས་མིན་ནི་སེམས་ཁྲལ་བྱ་ས་གཙོ་བོ་ཞིག་ཏུ་གྱུར། འབར་ཁམས་ཀྱི་ཉེ་འཁྲིས་སུ་གཙང་གསུམ་མདོའི་ཆུ་རགས་དང་དགེ་རྩེ་ཆུ་རགས་སོགས་བརྒྱབ་སྟེ་ཆུའི་གློག་འདོན་ས་ཚིགས་ཀྱིས་མི་མང་པོ་ཞིག་རང་ཁྱིམ་ནས་གནས་སྤོར། རྒྱལ་རོང་ས་ཁུལ་དུ་བོད་པ་ན་གཞོན་མང་ཆེ་བས་བོད་ཡིག་མི་ཤེས་པ་དང་རྒྱ་ཡིག་གི་ཆུ་ཚད་ཞན་པོ། སློབ་ཆེན་ཐོན་པའི་སློབ་ཕྲུག་མང་པོ་ལས་ཤོར་པར་གྱུར་ནས་འཚོ་བའི་དཀའ་ངལ་འཕྲད། འབར་ཁམས་ས་ཁུལ་དུ་གཞུང་གི་ལས་བྱེད་པའི་ཡིག་རྒྱུགས་ཆ་ཚང་རྒྱ་ཡིག་ཏུ་ལེན་གྱི་ཡོད་པས་ས་གནས་དེའི་ན་གཞོན་ཚོས་ཕྱི་ནས་ཡོང་བའི་མི་ལ་འགྲན་རྩོད་བྱེད་དཀའ། ས་གནས་སུ་ཡིག་སྒྱུར་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཁོ་ནར་བོད་ཡིག་བཀོལ་སའི་ལས་གནས་རེ་ཡོད་ཀྱང་འབར་ཁམས་ཀྱི་སློབ་ཕྲུག་ཚོས་བོད་ཡིག་ཤེས་ཀྱི་མེད་པས་ལས་ཀ་དེ་དག་མི་འཚམས། དེས་ན་གཞོན་སྐྱེས་མང་པོ་ཞིག་ཉིན་ལྟར་ཇ་ཁང་དང་ཆང་ཁང་ཉུལ་ནས་ཉི་མ་ཕུད། བུ་མོ་མང་ཆེ་བའི་ལས་ཀ་ནི་ཟ་ཁང་གི་ཞབས་ཞུ་བའི་ལས་ཀ་རེད། དཀའ་ངལ་འདི་དག་གི་འབྱུང་རྐྱེན་གཙོ་བོ་ནི་འབར་ཁམས་སུ་སློབ་གྲྭ་དང་དགེ་རྒན་གྱི་མཐུན་རྐྱེན་མེད་པ་མ་ཡིན་པར་གཙོ་བོ་བྱིས་པ་ཚོའི་རྨང་གཞིའི་སློབ་གསོའི་ཐབས་ལམ་ཡག་པོ་མེད་པར་ཐུག་འདུག་ཅེས་གླེང་། རྩོམ་ཡིག་དེར་རྒྱལ་མོ་ཚ་བ་རོང་དང་སྒོ་ཀུན་ནས་གནས་སྟངས་མཚུངས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ས་དར་རྩེ་མདོར་ལོ་བཅུ་ལྷག་གི་སྔོན་ནས་བོད་ཡིག་གི་བསླབ་གཞི་གཙོ་བོར་བྱེད་བཞིན་པའི་སློབ་འབྲིང་གཉིས་འདུག དེ་བཞིན་རྔ་པ་ཁུལ་གྱི་ཟུང་ཆུ་རྫོང་དུའང་བོད་ཡིག་སློབ་གྲྭ་ཡོད་ཀྱང་རྒྱལ་རོང་གི་འབར་ཁམས་སུ་བོད་ཡིག་གི་སློབ་ཆུང་གཅིག་ཀྱང་མེད་ཅིང་། སྔོན་ཆད་འབར་ཁམས་ཀྱི་སློབ་འབྲིང་གཉིས་ལ་བོད་ཡིག་ཅུང་ཙམ་རེ་སློབ་ཁྲིད་བྱེད་ཀྱི་ཡོད་ཀྱང་སློབ་འབྲིང་འདིས་སྐད་གཉིས་སློབ་གསོའི་འགྲོ་ལུགས་ཅི་ཡང་བསྒྲུབས་མེད་པས་སློབ་གྲྭ་འདིར་བོད་ཡིག་ནི་རང་གི་དགའ་ཕྱོགས་ལྟར་སྦྱང་རུང་མ་སྦྱངས་རུང་ཁྱད་པར་མེད་པའི་སློབ་ཚན་ཞིག་ཏུ་གྱུར་ཡོད་པ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ཡིན། ང་ཚོས་འབར་ཁམས་འཛུགས་སྐྲུན་གྱི་ཆེད་དུ་རྒྱ་ཡིག་སོགས་སྐད་ཡིག་གཞན་ངེས་པར་དུ་སྦྱང་དགོས་ཀྱང་ང་ཚོས་རང་གི་ཕ་སྐད་ཀྱང་རྩ་སྟོང་འགྲོ་རུ་འཇུག་མི་ཉན། འདི་ནི་ང་ཚོ་འཚོ་གནས་དང་འཕེལ་རྒྱས་འགྲོ་ཐབས་ཀྱི་རྩ་བ་ཡིན། རྔ་པ་ཁུལ་གྱི་རྔ་པ་རྫོང་དང་ཁྱུང་མཆུ་རྫོང་། མཛོད་དགེ་རྫོང་། འཛམ་ཐང་རྫོང་། ཟུང་ཆུ་རྫོང་སོགས་ཀྱི་ལོ་བཅུའི་སྔོན་ནས་བོད་ཡིག་གི་བསླབ་གཞི་གཙོ་བོ་ཡིན་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས་ཏེ་གྲུབ་འབྲས་ཆེན་པོ་ཐོབ། རྒྱལ་རོང་གི་ས་ཁུལ་ལ་མཚོན་ན་ས་འདིའི་མི་ཚང་མ་བོད་པ་ཡིན་པ་དང་སྡོད་སའང་བོད་ཀྱི་ས་ཁུལ་ཡིན་མོད། འོན་ཀྱང་ང་ཚོའི་བྱིས་པ་རྣམས་ཀྱིས་ཆུང་དུས་ནས་རྒྱ་ཡིག་འབའ་ཞིག་སྦྱོང་གི་ཡོད་པས་བོད་པའི་སྐད་ཡིག་དང་རིག་གནས་ཀྱི་ངོ་བོི་ཡོངས་སུ་བརླག་འདུག་ཅེས་འཁོད་པའི་རྩོམ་ཡིག་དེར་དྲ་ལམ་དུ་མི་མང་པོས་དོ་སྣང་བྱེད་བཞིན་འདུག

XS
SM
MD
LG