ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དམག་ཞབས་ཟུར་པའི་ངོ་རྒོལ་དང་རྒྱ་གཞུང་གི་བློ་འཚབ།


༄༅།། ཉེ་ཆར་རྒྱ་ནག་གི་དམག་ཞབས་ཟུར་པ་ཚོར་རྒས་ཕོགས་དང་སྨན་བཅོས་ཀྱི་མཐུན་རྐྱེན། སྤྱི་ཚོགས་འགན་སྲུང་བཅས་ཀྱི་ཐོབ་ཐང་མི་འདུག རྒྱ་ནག་གི་འབྲེལ་ཡོད་ས་གནས་ཁག་གི་འགོ་ཁྲིད་ཚོས་དམག་ཞབས་ཟུར་པའི་བདེ་སྡུག་ལ་དོ་སྣང་བྱ་དགོས་ཞེས་རྒོལ་ཁྲོམ་སྐོར་བྱས་ཀྱང་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་དམག་ཞབས་ཟུར་པའི་ངོ་རྒོལ་བཀག གཟའ་མཇུག་དེར་རྒྱ་ནག་གི་སྲིད་བློན་གཞོན་པ་སུན་ཁྲུན་ལཱན་གྱི་གཙོ་སྐྱོང་འོག་ཏུ་ཧེ་པེ་ཞིང་ཆེན་ལ་ཉི་མ་གཉིས་ཀྱི་ཚོགས་འདུ་ཞིག་ཚོགས་ནས་དམག་ཞབས་ཟུར་པ་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་པའི་གནད་དོན་ལ་གྲོས་ཁ་བསྡུར། སྲིད་བློན་གཞོན་པ་སུན་ཁྲུན་ལཱན་གྱིས་གཙོ་སྐྱོང་བྱས་པའི་ཚོགས་འདུ་དེར་རྒྱ་ནག་གི་བདེ་འཇགས་འགན་འཛིན་གོ་ཧྲེང་ཁུན་དང་ཉེན་རྟོག་པའི་འགོ་ཁྲིད་ཀྲའོ་ཁེ་ཀྲི་གཉིས་ཆེད་དུ་ཞུགས། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་དེ་དག་ཞིང་ཆེན་ཁག་གི་འགོ་ཁྲིད་ཚོ་དང་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་གིས་དམག་ཞབས་ཟུར་པའི་བདེ་སྡུག་ལ་ལྟ་རྟོག་གང་ལེགས་བྱ་དགོས། ས་གནས་ཁག་གི་འགོ་ཁྲིད་ཚོས་དམག་ཞབས་ཟུར་པའི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུའི་རྐང་འགན་ལེན་དགོས་ཞེས་བློ་ཁ་གཅིག་མཐུན་བྱུང་། གོ་ཧྲེང་ཁུན་དང་ཀྲའོ་ཁེ་ཀྲི་གཉིས་ཀ་རྒྱ་ནག་དམར་ཤོག་ཚོགས་དབུས་ཆབ་ལྷན་ཁང་གི་འཐུས་མི་༢༥་གྲས་སུ་ཡོད་ཅིང་། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན་རྒྱ་ནག་གི་དམག་ཞབས་ཟུར་པའི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུའི་ཚོགས་འདུ་འདིར་རྒྱ་ནག་གི་པེ་ཅིང་དང་ཐེན་ཅིང་། ཧྲན་ཏུང་དང་ཧེ་པེ། ཧུ་ནན། གུའི་ཀྲུག་སོགས་རྒྱ་ནག་གི་གྲོང་ཁྱེར་དང་ཞིང་ཆེན་བཅས་ས་གནས་ཁག་བཅུའི་འཐུས་མི་རྣམས་འདུས། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གི་དམག་ཞབས་ཟུར་པའི་ལྷན་ཁང་ཞེས་བློན་ཆེན་རིམ་པའི་ལྷན་ཁང་ཞིག་གསར་དུ་སྒོ་ཕྱེ། བློན་ཆེན་གཞོན་པ་ཆན་ཧྥེང་གིས་སྒོ་འབྱེད་མཛད་སྒོ་དེར་ཕེབས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་རྒྱ་ནག་གཞུང་གིས་དམག་ཞབས་ཟུར་པར་ལྟ་རྟོག་བྱེད་པའི་མཐུན་རྐྱེན་ཡར་རྒྱས་གཏོང་ཕྱོགས་སུ་ལས་གཞི་གོ་རིམ་བསྒྲིགས་ནས་དྲྭ་ལམ་དུ་བསམ་འཆར་བཤད་སའི་དྲྭ་རྒྱ་ཞིག་ཀྱང་སྒོ་ཕྱེ་ཡོད་ཅེས་བཤད། ཉི་མ་ལྔའི་གོང་དུ་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན་གཉིས་སུ་རྒྱ་ནག་གི་དམག་ཞབས་ཟུར་པ་ཚོས་ངོ་རྒོལ་བྱས་ནས་བཟུང་། རྒྱ་ནག་གི་ས་གནས་གཞན་ཁག་ཏུའང་དམར་ཞབས་ཟུར་པ་ཚོས་ཀྲེ་ཅང་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན་གྱི་དམག་ཞབས་ཟུར་པའི་ངོ་རྒོལ་ལ་རྒྱབ་སྐྱོར་བྱས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་སུ་དམག་ཞབས་ཟུར་པ་བྱེ་བ་༥་དང་ས་ཡ་༧་ཡོད་པའི་མང་པོ་ཞིག་ལ་འཚོ་བའི་དཀའ་ངལ་འཕྲད་ནས་རང་གི་ཐོབ་ཐང་ལ་ཁྲིམས་ཐོག་ཏུ་སྲུང་སྐྱོབ་མི་འདུག ང་ཚོར་འཚོ་བའི་དཀའ་ངལ་འཕྲད་ནས་ལོ་ངོ་བཅུ་ཕྲག་མང་པོ་ཕྱིན་སོང་། གལ་སྲིད་ང་ཚོས་རང་གི་དཀའ་སྡུག་རྣམས་ཕྱི་ལ་བསྒྲགས་ན་ས་གནས་ཁག་གི་འབྲེལ་ཡོད་འགོ་ཁྲིད་ཚོས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་བཏང་ནས་རྡུང་རྡེག་གཏོང་དུ་འཇུག་གི་འདུག་ཅེས་བཤད་ཡོད་པར་མ་ཟད། ན་ནིང་ཕྱི་ཟླ་༡༠་བའི་ནང་དུའང་རྒྱ་ནག་གི་དམག་ཞབས་ཟུར་པ་སྟོང་ཕྲག་འགའ་ཞིག་གིས་པེ་ཅིང་གི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དབུས་སྤྱི་ཁྱབ་ལྷན་ཁང་གི་མདུན་དུ་ངོ་རྒོལ་བྱས་འདུག རྒྱ་ནག་གཞུང་གིས་འབྲེལ་ཡོད་ས་གནས་སྲིད་གཞུང་ཁག་ལ་དམག་ཞབས་ཟུར་པའི་རྒས་ཕོགས་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཡར་རྒྱས་གཏོང་དུ་འཇུག་རྒྱུ་ཡིན་ཟེར་གྱི་ཡོད་མོད། འོན་ཀྱང་འགྲོ་གྲོན་གྱི་དཀའ་ངལ་འཕྲད་པའི་རྒྱ་ནག་གི་ས་གནས་ཁག་གི་འགོ་ཁྲིད་ཚོས་དམག་ཞབས་ཟུར་པའི་རྒས་ཕོགས་རྣམས་དམིགས་སྒོ་གཞན་ལ་འགྲོ་གྲོན་གཏོང་གི་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གཞུང་གིས་དམག་ཞབས་ཟུར་པའི་རྒས་ཕོགས་དང་སྨན་བཅོས་ཀྱི་མཐུན་རྐྱེན་རྣམས་ཡར་རྒྱས་གཏོང་རྒྱུ་ཡིན་ཟེར་གྱི་ཡོད་ཀྱང་དམག་ཞབས་ཟུར་པ་ཕལ་ཆེ་བ་རྒྱ་གཞུང་གི་འགོ་ཁྲིད་ཚོས་རང་གི་ཁས་ལེན་དམ་བཅའ་ལག་ལེན་བསྟར་རྒྱུའི་ཡིད་ཆེས་མེད་པར་གྱུར། རྒྱ་ནག་གི་སྲིད་བློན་གཞོན་པ་སུན་ཁྲུན་ལཱན་གྱིས་རྒྱ་ནག་གི་དམག་ཞབས་ཟུར་པ་ཚོར་ཤེས་ཡོན་སློབ་གསོ་དང་ལག་ཤེས་སྦྱོང་བརྡར། ཁོ་ཚོར་དབུལ་སྐྱོབ་སོགས་ཀྱི་རྒྱབ་སྐྱོར་བྱ་དགོས་ཞེས་བཤད་ཀྱང་ཉེ་དུས་ཤིག་ནས་རྒྱ་ནག་ཧུ་ནན་དང་ཀོང་ཏུང་། སི་ཁྲོན་དང་ཧེ་ནན། ཨན་ཧུའི་དང་ལེའོ་ནིང་། ཧཱེ་ནན་ཞིང་ཆེན་བཅས་སུའང་དམག་ཞབས་ཟུར་པ་ཚོས་ངོ་རྒོལ་བྱས་འདུག

XS
SM
MD
LG