ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གི་ཐེ་གཏོགས་འགོག་པའི་བཅའ་ཁྲིམས།


༄༅།། ཕྱི་ཟླ་༦་ཚེས་༢༧་ཉིན་ཨོ་གླིང་རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་ཚོགས་སུ་རྒྱ་ནག་གི་ཐེ་གཏོགས་དང་སིམ་འཛུལ་འགོག་པར་ཕྱི་རྒྱལ་གྱི་ཐེ་གཏོགས་འགོག་པའི་བཅའ་ཁྲིམས་ཞེས་པའི་ཁྲིམས་ཤིག་གཏན་འབེབས་བྱེད་ཀྱི་ཡོད་པས་རྒྱ་ནག་དང་ཨོ་གླིང་རྒྱལ་ཁབ་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད། ཨ་རི་དང་ཨོ་གླིང་རྒྱལ་ཁབ་གཉིས་སུ་སྤྱི་སྒེར་གང་ཞིག་གིས་རྒྱལ་ཁབ་གཞན་ཞིག་གི་ཆེད་དུ་ལས་འགུལ་སྤེལ་ན་སྤྱི་སྒེར་དེ་དག་གིས་འབྲེལ་ཡོད་ཀྱི་སྲིད་གཞུང་གཉིས་ལ་ཐོ་འགོད་བྱ་དགོས། ཚོགས་པ་དང་སྒེར་པ་དེ་དག་གིས་ལས་འགུལ་སྤེལ་ཡུལ་ཕྱིའི་རྒྱལ་ཁབ་གང་ཞིག་གིས་ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ་ཀྱི་ནང་སྲིད་དང་ཆབ་སྲིད་ལ་ཐེ་གཏོགས་བྱས་ནས་ཁྲིམས་འགལ་འབྱུང་ཚེ། ལས་འགུལ་སྤེལ་མཁན་ཚོགས་པ་དང་སྒེར་པ་དེ་དག་ཨ་མི་རི་ཀ་དང་ཨོ་གླིང་གཞུང་གིས་ཁྲིམས་ལ་སྦྱོར་ཆོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་འཆར་འདུག སྔ་ལོ་ནས་སྲིད་བློན་ཊན་བྷུལ་གྱིས་རྒྱ་ནག་གི་གསང་ཉུལ་དང་ཚོང་པ་ཚོས་ཨོ་གླིང་རྒྱལ་ཁབ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བློ་འཚབ་སྐྱེ་དགོས་པ་ཞིག་ཡིན་པས་ཨོ་གླིང་གཞུང་གིས་ཕྱི་རྒྱལ་གྱི་ཐེ་གཏོགས་འགོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་ངེས་སུ་གྱུར་ཡོད་ཅེས་གླེང་། རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་ནང་སྲིད་དང་ཆབ་སྲིད་ལ་ཐེ་གཏོགས་བྱས་མྱོང་མེད། ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར་པའི་རྒྱ་ནག་པ་ཚོས་སྲིད་དོན་ཚོགས་པ་ཁག་དང་གྲོས་ཚོགས་འཐུས་མིའི་འོས་མི་ཚོར་དངུལ་སྒོར་ཞལ་འདེབས་སྤྲད་ནས་ཨོ་གླིང་གི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་ཡོད་སྲིད་ཅེས་འགྲེལ་བཤད་བརྒྱབ་ཀྱང་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར་པའི་རྒྱ་ནག་པ་ཚོང་པ་ཁག་ཅིག་རྒྱ་ནག་གསང་བའི་ལས་ཁང་འབྲེལ་བ་ཡོད་པ་རྩད་གཅོད་བྱུང་ཞིང་། ཨོ་གླིང་འཕྲུལ་རིག་སློབ་ཆེན་གྱི་འགན་འཛིན་གཞོན་པས་གྲོས་ཚོགས་ཀྱི་བཅའ་ཁྲིསམ་ཤིག་གཏན་འབེབས་བྱས་ཡོད་པ་དེའི་ནང་དུ་རྒྱ་ནག་གི་ཐེ་གཏོགས་ཞེས་འགོད་རྒྱུ་ཡིན་མིན་ལ་ཐུག་ཡོད། རྒྱ་ནག་གཞུང་ལ་ཨོ་གླིང་གཞུང་གི་བཅའ་ཁྲིམས་དེའི་ནང་དུ་རྒྱ་ནག་ཅེས་དམིགས་སུ་བཀར་ནས་མིང་འཐོན་དུ་འཇུག་འདོད་མི་འདུག་ཅེས་བཤད། ཨོ་གླིང་གི་གྲོས་ཚོགས་གོང་མར་ཕུལ་བའི་བཅའ་ཁྲིམས་གྲོས་གཞི་དེར་རྒྱལ་ཁབ་གཞན་གྱི་ཆེད་དུ་ལས་འགུལ་སྤེལ་མཁན་ཚོགས་པ་ཁག་ཕྱི་གསལ་ནང་གསལ་ཡིན་དགོས། ལས་འགུལ་སྤེལ་མཁན་ཚོས་ཨོ་གླིང་གི་ནང་སྲིད་དང་ཆབ་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་ཅེས་འཁོད། བཅའ་ཁྲིམས་ཀྱི་གྲོས་གཞི་དེར་ཨོ་གླིང་གི་གྲོས་ཚོགས་འོག་མས་རྒྱབ་སྐྱོར་ཐོབ་ནས་གྲོས་ཚོགས་གོང་མར་ཕུལ། ཨོ་གླིང་གི་གྲོས་ཚོགས་གོང་མའི་ཁ་གཏད་ཚོགས་པའི་འཐུས་མི་ཚོས་བཅའ་ཁྲིམས་ཀྱི་གྲོས་གཞི་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁས་བླངས་ཡོད་པས་བཅའ་ཁྲིམས་དེར་འགག་རྐྱེན་མེད་པར་གཏན་འབེབས་བྱ་ཐུབ་རྒྱུའི་རྣམ་པ་ཐོན་འདུག ད་དུང་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་པ་ཁག་གིས་ཕྱི་རྒྱལ་ལ་འབྲེལ་བ་ཡོད་པའི་ཚོགས་པ་དང་སྐྱེ་བོ་སྒེར་པས་སྲིད་དོན་པ་དང་སྲིད་དོན་ཚོགས་པ་ཁག་ལ་དངུལ་སྒོར་ཞལ་འདེབས་སྤྲོད་མི་ཆོག་པའི་བཅའ་ཁྲིམས་ཟིན་བྲིས་ཤིག་ལ་གྲོས་བསྡུར་བྱེད་ཀྱི་ཡོད་ཀྱང་གྲོས་ཚོགས་འོག་མར་དངོས་སུ་གྲོས་གཞི་མཚམས་སྦྱོར་བྱས་མེད་ཅིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་གིས་བཅའ་ཁྲིམས་གཏན་འབེབས་ནི་ཨོ་གླིང་རྒྱལ་ཁབ་ཀྱི་ནང་སྲིད་ཅིག་ཡིན་པས་ང་ཚོར་དེ་ལ་འགྲེལ་བཤད་ཅི་ཡང་མེད། ཡིན་ནའང་རྒྱལ་ཁབ་ཐམས་ཅད་ཀྱིས་གྲང་དམག་འཁོན་འཛིང་དུས་ཀྱི་བསམ་བློའི་ལྟ་བ་འདོར་ཐུབ་པའི་རེ་བ་ཡོད། རྒྱ་ནག་གིས་འཛམ་གླིང་རྒྱལ་ཁབ་ཡོད་དོ་ཅོག་གིས་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད། རྒྱ་ནག་དང་ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལ་འགལ་ཟླ་བྱུང་ནས་ཕྱོགས་གཉིས་ཀར་ཨ་སྒོར་ཁྲག་ཁྲིག་༡་དང་ཐེར་འབུམ་ཆེན་མོ་༢་དང་ཕྱེད་ཀའི་ཚོང་འབྲེལ་ཡོད་པར་འགོག་རྐྱེན་འབྱུང་སྲིད། ཨོ་གླིང་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་རྒུན་ཆང་ཕྱིར་ཚོང་བྱེད་ཀྱི་ཡོད་པར་འགོག་རྐྱེན་འབྱུང་གི་མེད་ཀྱང་ཨོ་གླིང་གི་འབྲོག་ལས་ཐོན་སྐྱེད་རྒྱ་ནག་གིས་འགོག་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀས་རང་གི་བདེ་འཇགས་དོན་དུ་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གིས་ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་མི་ཆོག་བཀག་སྡོམ་བྱས་ཡོད་པས་ཨོ་གླིང་གཞུང་གིས་ཀྱང་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་འགོག་སྲིད་པའི་ཉེན་ཀ་ཡོད། རྒྱ་ནག་གཞུང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་དོན་པ་ཚོར་འབོད་སྐུལ་ཞུས་ནས་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་གི་ཚོང་ལས་ལ་འགོག་རྐྱེན་མི་འབྱུང་བའི་རོགས་རམ་བྱ་དགོས་པའི་འབོད་སྐུལ་ཞུས། ཨོ་གླིང་གི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་ཞིག་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་བདེ་འཇགས་ལ་ཉེན་ཀ་ཞིག་རེད་ཟེར་པ་ཁུངས་སྐྱེལ་མི་ཐུབ་པའམ། ཡང་ན་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་ལ་ནོར་འཁྲུལ་ཅན་གྱི་སྐྱོན་འཛུགས་ཤིག་བྱས་པར་སྣང་། ཨོ་གླིང་དང་ནེའུ་ཟི་ལན་ཌི། དབྱིན་ཇིའི་གཞུང་གིས་རང་རང་གི་ཁྲོམ་རའི་ནང་དུ་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་ལ་ཚོང་ལས་གཉེར་དུ་འཇུག་གི་ཡོད་ཀྱང་འབྲེལ་ཡོད་རྒྱལ་ཁབ་དེ་དག་གི་བདེ་འཇགས་ལ་ཉེན་ཀ་བྱུང་ཡོད་པའི་རྟགས་མཚན་ཅི་ཡང་རྙེད་མ་སོང་ཞེས་དག་སྐྱེལ་བྱས་ཀྱང་སྲིད་བློན་ཊན་བྷུལ་གྱི་སྲིད་གཞུང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་ཁྲོམ་རའི་ནང་དུ་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་ལ་སྔར་བཞིན་ཚོང་ལས་གཉེར་དུ་འཇུག་དགོས་མིན་ལ་བསམ་ཞིབ་གཟབ་ནན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG