ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟོན་ཐར་གྱི་གློག་བརྙན་ལ་བྱ་དགའ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཏེ། ང་ཡི་ཆང་གསོལ་རོགས་ཞེས་པར་སྤྱི་ཟླ་༦་པའི་ཚེས་༢༤་ཉིན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཚོགས་པའི་སྐབས་༢༡་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་ནས་གསེར་གྱི་ཁྲུང་ཕོར་རྟགས་མའི་འཁྲབ་གཞུང་རྩེ་ཕུད་ཀྱི་གཟེངས་རྟགས་དང་། དཔྱད་འདེམས་ཚོགས་པའི་བྱ་དགའ་ཆེན་མོ་ཞེས་གཟེངས་རྟགས་ཆེན་པོ་གཉིས་ཐོབ་འདུག ཐེངས་འདིའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལ་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་༡༠༨་ནས་ཐོན་པའི་གློག་བརྙན་བརྩམས་ཆོས་༣༤༤༧་འགྲན་ཞུགས་བྱས་ཡོད་པ་དེ་དག་གི་གྲས་སུ་རྒྱལ་ཁབ་དང་ས་ཁུལ་༧༣་གྱི་གློག་བརྙན་༥༩༠་ཐམ་པ་འགྲན་སྡུར་གཙོ་བོའི་རྣམ་གྲངས་མི་འདྲ་མ་བརྒྱད་ཀྱི་གྲས་སུ་ཞུགས་པར་འདེམས་སྒྲུག་གིས་མཐའ་མཇུག་གློག་བརྙན་༡༣་ལ་གཟེངས་སུ་ཐོན་པའི་གྲས་སུ་བདམས་ཡོད་པ་དེའི་ཁོངས་སུ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་ང་ཡི་ཆང་གསོལ་རོགས་ཞེས་པའི་གློག་བརྙན་ཚུད་འདུག བོད་ཀྱི་མཆོད་མེ་རྩོམ་རིག་དྲྭ་བའི་སྟེང་དུ་གློག་བརྙན་འདིའི་སྐོར་གྱི་གནས་ཚུལ་འཁོད་པ་ལྟར་ན་གློག་བརྙན་འདི་ནི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ཆ་མང་པོ་ཞིག་བརྒལ་ཏེ་ཕབ་སྐྲུན་བྱས་པ་ཞིག་ཡིན་ཞིང་། གློག་བརྙན་འདི་བོད་ཀྱི་གཞས་པ་མིང་གྲགས་ཅན་གཡུང་དྲུང་རྒྱལ་དང་ན་གཞོན་འཁྲབ་སྟོན་པ་ཉི་མ་སྲུང་སྲུང་། སྲས་མཆོག་རྒྱལ་བཅས་གསུམ་གྱིས་གཙོ་འཁྲབ། གློག་བརྙན་འཁྲབ་སྟོན་པའི་སྐད་དེ་བོད་སྐད་ལས་ཀྱང་རྒྱལ་རོང་ཡུལ་སྐད་ཀྱི་ཐོག་ཏུ་ཕབ་སྐྲུན་བྱས་ཡོད་པས་གློག་བརྙན་འདི་བོད་ཀྱི་རྒྱལ་རོང་ཡུལ་སྐད་དུ་ཕབ་སྐྲུན་བྱས་པའི་གློག་བརྙན་བརྩམས་ཆོས་ཐོག་མ་ཡིན་ཞེས་བཀོད། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་གློག་བརྙན་གསུམ་ལ་འཁྲབ་ཁྲིད་བྱས་ཡོད་པའི་གློག་བརྙན་གསུམ་པོའི་ཁྱབ་ཁོངས་བྱེ་བྲག་པར་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཏུ་གཟེངས་རྟགས་ཐོབ་པ་སྟེ། ཁོང་གི་གློག་བརྙན་བརྩམས་ཆོས་ཐོག་མ་དབུས་ལམ་གྱི་ཉི་མ་ཞེས་པར་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅུ་བཞི་པའི་ཡ་གླིང་གི་མི་སྣ་གསར་པའི་གཟེངས་རྟགས་ཐོབ། གློག་བརྙན་བརྩམས་ཆོས་གཉིས་པ་གཙང་པོ་ཞེས་པའི་ནང་གི་འཁྲབ་སྟོན་པ་གཙོ་བོ་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོར་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བཅོ་བརྒྱད་པའི་ཡ་གླིང་གི་མི་སྣ་གསར་པའི་གཟེངས་རྟགས་གྲས་སུ་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་མྱོང་ཡོད་ཅིང་། ང་ཡི་ཆང་གསོལ་རོགས་ཞེས་པའི་གློག་བརྙན་འདིའི་འཁྲབ་གཞུང་ནི་རྩོམ་པ་པོ་བཀྲ་ཤིས་ཟླ་བ་དང་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གཉིས་ཀྱིས་མཉམ་དུ་བྲིས། གློག་བརྙན་དཔྱད་འདེམས་པ་དག་གིས་འཁྲབ་གཞུང་འདིར་དམིགས་བསལ་གྱིས་བསྟོད་བསྔགས་བཏང་ཡོད་པ་དང་གློག་བརྙན་འདིར་བྱ་དགའ་སྤྲོད་དུས་དཔྱད་འདེམས་ཚོགས་པས་གདེང་འཇོག་ཆེན་པོ་གནང་ཡོད་པའི་རྗོད་ཚིག་ཏུ་གློག་བརྙན་འདི་ནི་ཀུན་སློང་གཙང་ཞིང་གཏིང་ཟབ་པ། གདེང་སྤོབས་ལྡན་ཞིང་རང་ཚུགས་ཐུབ་པ། གློག་བརྙན་འདིའི་ནང་དུ་མི་དང་མིའི་བར་གྱི་རྙོག་འཛིང་གི་འབྲེལ་བ་གླེང་། མི་ཚེའི་མཐར་ཐུག་གི་དཀའ་རྙོག་ལ་འཕྲད་དུས་ཀྱི་རེ་བ་དང་དེ་ལས་སྒྲོལ་ཐུབ་པའི་སེམས་ཀྱི་འཁྱེར་སོི་རྣམས་ཐོན་ཡོད་པར་བསྔགས་པ་བརྗོད། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་ད་ལྟའི་བར་དུ་གློག་བརྙན་བརྙན་ལེན་པ་དང་འཁྲབ་ཁྲིད་པའི་ལས་ཀ་བྱེད་ཀྱི་ཡོད་པར་མ་ཟད། མཚོ་སྔོན་འབའ་རྫོང་དུ་ཁྱུང་ཆེན་བརྙན་གླིང་ཞེས་པ་འཛུགས་མཁན་གྱི་གྲས་ཡིན་ལ། ཁྱུང་ཆེན་བརྙན་གླིང་ནི་བོད་ཀྱི་གློག་བརྙན་ལས་རིགས་ལ་དོན་གཉེར་བྱེད་མཁན་སྐྱེད་སྲིང་གི་ཆེད་དུ་བཙུགས་པ་ཡིན་ཞིང་། ཁྱུང་ཆེན་བརྙན་གླིང་གིས་བཀོད་སྒྲིག་བྱས་པའི་བོད་ཀྱི་ཁྱུང་རུ་རྟགས་མའི་གློག་བརྙན་འཁྲབ་གཞུང་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བར་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་གཙོ་འགན་ཁུར་མྱོང་ཡོད་པ་རེད།།

XS
SM
MD
LG