ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་འབྲོག་ལམ་ཉེ་འཁོར་དུ་དམག་སྦྱོང་།


༄༅།།སྔ་ལོ་རྒྱ་དཀར་ནག་གཉིས་བོད་ཀྱི་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་ཉི་མ་༧༣་ལ་དམག་གྲྭ་བསྒྲིགས་ནས་འཐབ་འཁྲུག་རྒྱག་གྲབས་བྱས་པ་དང་། ད་ལྟ་ལོ་གཅིག་ཡས་མས་ཤིག་གི་རྗེས་སུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་སླར་ཡང་འབྲོག་ལམ་ས་ཁུལ་གྱི་ཉེ་འཁྲིས་སུ་ཉི་མ་གསུམ་ལ་དམག་སྦྱོང་ཆེན་པོ་ཞིག་བྱས་ཀྱང་རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་པར་དམག་སྦྱོང་ཅི་ཡང་བྱས་མེད་ཅིང་། ད་ལོ་སྔར་དང་མ་འདྲ་བའི་གནས་ཚུལ་གསར་པ་ཞིག་བྱུང་ཡོད་པ་ནི་རྒྱ་ནག་གིས་སྔོན་ནས་འབྲོག་ལམ་ས་ཁུལ་གྱི་ཉེ་འཁྲིས་སུ་དམག་སྦྱོང་བྱ་འཆར་ཡོད་ཅེས་རྒྱ་གར་ལ་བརྡ་བརྒྱབ་པ་ཙམ་དུ་ཟད། འབྲོག་ལམ་ས་ཁུལ་ནི་རྒྱ་གར་དང་འབྲུག་ཡུལ། རྒྱ་ནག་གསུམ་གདོང་ཐུག་འབྱུང་གྲབས་བྱ་ཡུལ་བོད་ཀྱི་ས་གནས་གནད་འགག་ཅན་ཞིག་ཡིན་པ་སྟེ། ༢༠༡༨་ལོའི་ཕྱི་ཟླ་༦་ཚེས་༦་ནས་ཚེས་༨་བར་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་གྲོ་མོའི་ལུང་གཤོང་དུ་དམག་སྦྱོང་བྱས་འདུག ༢༠༡༧་ལོར་ཕྱི་ཟླ་༦་ཚེས་༡༦་ནས་ཕྱི་ཟླ་༨་ཚེས་༢༨་བར་དུ་རྒྱ་དཀར་ནག་གཉིས་ཀས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་དམག་གསོག་བརྒྱབ་ནས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཀ་བྱུང་། འོན་ཀྱང་རྒྱ་དཀར་ནག་གཉིས་ཀས་ཞི་བའི་གྲོས་མོལ་བྱས་པའི་རྗེས་སུ་དམག་འཁྲུག་ལ་གཡོལ་ཐུབ་ཙམ་བྱུང་ཞིང་། རྒྱ་གར་གཞུང་གིས་ལོ་འདིར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་འབྲོག་ལམ་ས་ཁུལ་གྱི་ཉེ་འཁྲིས་སུ་དམག་སྦྱོང་བྱས་པར་རྟོག་ཞིབ་གཟབ་ནན་བྱས་ཡོད། རྒྱ་ནག་གིས་དམག་༥༠༠་ཡས་མས་ཤིག་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ལ་གཏན་དུ་འགྲེམ་འཇོག་བྱས་ཡོད་པའང་ཤེས་རྟོགས་བྱུང་ཡོད། རྒྱ་གར་གྱིས་འབྲས་ལྗོངས་མངའ་སྡེའི་ཤར་ཕྱོགས་སུ་དམག་ཁྲི་ཚོ་༣་ལྷག་དང་ལྕགས་འཁྲབ་འཁོར་ལོའི་སྡེ་ཤོག་ཅིག ད་དུང་འབྲེལ་ཡོད་ཀྱི་དམག་སྡེ་གཞན་ཁག་ཀྱང་འགྲེམ་འཇོག་བྱས་ནས་གྲོ་མོའི་ལུང་གཤོང་དམིགས་འབེན་དུ་བཟུང་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག ༢༠༠༤་ནས་བཟུང་སྟེ་རྒྱ་གར་གྱིས་དངོས་སུ་དབང་སྒྱུར་བྱེད་ཡོད་པའི་ས་མཚམས་རིང་ཚད་སྤྱི་ལེ་༣༤༨༨་ཡོད་པ་དེའི་མཐའ་མཚམས་ཁག་གི་སྲུང་སྐྱོབ་ཡར་རྒྱས་བཏང་ནས་འཐབ་འཁྲུག་འབྱུང་སྲིད་པའི་ས་མཚམས་ཡོད་དོ་ཅོག་ལ་དམག་དཔུང་འགྲེམ་འཇོག་བྱས་ནས་རྒྱ་ནག་གིས་ཚུར་རྒོལ་འགོག་པའི་གྲ་སྒྲིག་བྱས་ཏེ། རྒྱ་དཀར་ནག་གཉིས་ཀས་དམག་སྦྱོང་བྱེད་ཀྱི་ཡོད་པའི་དགོས་པ་གཙོ་བོ་ཞིག་མ་འོངས་པར་དམག་འཁྲུག་ལངས་ན་ཕར་རྒོལ་དང་འགོག་རྒོལ་ཇི་ལྟར་བྱ་དགོས་མིན། ཕྱོགས་གཉིས་ཀྱི་དམག་གི་མཚོན་ཆ་དང་དམག་དོན་ཡོ་བྱད་རྣམས་ཡར་རྒྱས་འགྲོ་རིམ་བཞིན་དུ་དམག་འཁྲུག་གི་འཐབ་ཇུས་ལ་འགྱུར་བ་གཏོང་གི་ཡོད་པ་དང་། ཉེ་ཆར་ཕྱི་ཟླ་༣་པའི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཐུག་འཕྲད་བྱས་ནས་རྒྱ་དཀར་ནག་གི་འགོ་ཁྲིད་རྣམ་པས་ཕྱོགས་གཉིས་ཀྱི་དམག་ལ་འཐབ་ཇུས་ལམ་སྟོན་དགོས་པའི་གྲོས་མཐུན་བཞག་པར་མ་ཟད། རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་བྱེད་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ། པེ་ཅིང་དང་ལྡི་ལི་གསར་པས་ཕྱོགས་གཉིས་ཀྱི་ས་མཚམས་ཁག་ཏུ་དམག་འཁྲུག་མི་འབྱུང་བའི་འབད་བརྩོན་བྱ་རྒྱུ། རྒྱ་དཀར་ནག་གི་དམག་དཔུང་བཀོད་པ་རྣམས་རྟག་ཏུ་རྣ་ཐོས་ལར་ཐུག་འཕྲད་བྱ་རྒྱུ་སོགས་ཀྱི་གྲོས་མཐུན་བྱུང་འདུག

XS
SM
MD
LG