ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ལྷོ་བྱང་ཀོ་རི་ཡའི་འབྲེལ་གཏུག་ཁང་སྒོ་འབྱེད་བྱ་འཆར།


༄༅།།ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཁག་ཅིག་བྱང་ཀོ་རི་ཡའི་ས་ཐོག་ཏུ་ཚུགས་པའི་གྷེ་སང་བཟོ་ཚོང་ལྟེ་གནས་སུ་ཕེབས་ནས་ལྷོ་བྱང་ཀོ་རི་ཡ་ཐུན་མོང་གི་འབྲེལ་གཏུག་ཁང་ཞིག་སྒོ་འབྱེད་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། ལྷོ་བྱང་ཀོ་རི་ཡའི་འབྲེལ་གཏུག་ཁང་ཞིག་སྒོ་འབྱེད་བྱ་རྒྱུ་ནི་ཁ་སྔོན་ཕྱི་ཟླ་༤་ཚེས་༢༧་ཉིན་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམ་གཉིས་ཕན་མུན་ཇོམ་ས་གནས་སུ་ཐུག་འཕྲད་གྲོས་མོལ་སྐབས་སུ་ཐག་གཅོད་བྱུང་བའི་གྲོས་མཐུན་དེའི་དོན་ཚན་ཞིག་ཡིན་པ་སྟེ། གྷེ་སང་ས་གནས་སུ་ཚུགས་འཆར་ཡོད་པའི་ཕྱོགས་གཉིས་ཀྱི་འབྲེལ་གཏུག་ཁང་བརྒྱུད་ནས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་ཕན་ཚུན་གོ་བརྡ་སྤྲོད་རེས་ཀྱི་ལས་དོན་བསྒྲུབ་རྒྱུ་སྟབས་བདེ་རུ་གཏོང་འཆར་ཡོད་ཅིང་། ད་སྔ་ཕན་ཆད་ལ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཕན་ཚུན་འབྲེལ་གཏུག་བྱ་དགོས་ན་ཕྱོགས་གཉིས་ཀྱི་ས་མཚམས་སུ་ཚུགས་པའི་ཕན་མུན་ཇོམ་གྱི་ལས་ཁུངས་བརྒྱུད་ནས་ཕན་ཚུན་འབྲེལ་གཏུག་བྱ་དགོས་པ་རེད། གྷེ་སང་ས་གནས་ཀྱི་འབྲེལ་གཏུག་ཁང་སྒོ་འབྱེད་བྱས་པའི་རྗེས་སུ་ལས་ཁུངས་དེ་ལྷོ་བྱང་ཀོ་རི་ཡ་ཐུན་མོང་གི་ལས་ཁུངས་དང་པོ་དེར་འགྱུར་རྒྱུ་དང་ཕྱོགས་གཉིས་ཀྱི་ལས་སྣེ་ཚོས་ལས་ཁུངས་གཅིག་གི་ནང་དུ་ལས་དོན་བསྒྲུབ་འཆར་ཡོད་པ་རེད། ཕྱི་ཟླ་༦་ཚེས་༡་ཉིན་ལྷོ་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཚོ་ཐུག་འཕྲད་བྱས་ནས་གྷེ་སང་ས་གནས་སུ་ལྷོ་བྱང་ཀོ་རི་ཡའི་འབྲེལ་གཏུག་ཁང་སྒོ་འབྱེད་བྱ་རྒྱུ་ཐག་བཅད། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པའི་སྟབས་ཀྱིས་༢༠༡༦་ལོར་གྷེ་སང་བཟོ་ཚོང་ལྟེ་གནས་སྒོ་བརྒྱབ། ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཁག་དང་བཟོ་ཚོང་ལས་ཁང་ཁག་གི་ལས་སྣེ་ཚོས་གྷེ་སང་བཟོ་ཚོང་ལས་ལྟེ་གནས་ཀྱི་ཁང་པ་ཁག་ལ་ཞིག་གསོ་བྱས་ཏེ། ལྷོ་བྱང་ཀོ་རི་ཡའི་འབྲེལ་གཏུག་ཁང་གི་ལས་ཁུངས་དང་ལས་བྱེད་པའི་སྡོད་ཤག་རྣམས་ཡར་རྒྱས་གཏོང་གི་ཡོད་པ་སྟེ། སང་ཉིན་གཟའ་ལྷག་པའི་ཉིན་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་༡༧་དང་ཧན་དྷེ་ཨེ་ཤི་ཡ་དང་གྷེ་སང་བཟོ་ཚོང་ཐེབས་རྩ་ཁང་གི་ལས་བྱེད་རྣམས་སླར་ཡང་གྷེ་སང་ས་གནས་སུ་ཕེབས་ནས་ཁང་པ་ཞིག་གསོའི་ལས་དོན་ལ་གཟིགས་ཞིབ་བྱ་འཆར་ཡོད་པ་མ་ཟད། ཁོ་ཚོ་ཕྱི་ཟླ་༦་ཚེས་༨་ཉིན་གྷེ་སང་ས་གནས་སུ་ཐེངས་ཤིག་ཕེབས་ཟིན། གྷེ་སང་བཟོ་ཚོང་ལྟེ་གནས་ཀྱི་འོག་ཁང་ནང་དུ་ཆུ་ལོག་དུས་སུ་འདམ་རྙོག་དང་ཆུ་རྙོག་ལུག་ནས་བཀོལ་སྤྱོད་མེད་པར་གྱུར། ལྷོ་ཀོ་རི་ཡའི་གཞུང་གིས་ཟླ་བ་འདིའི་ནང་དུ་ཕྱོགས་གཉིས་ཀྱི་འབྲེལ་གཏུག་ཁང་སྒོ་འབྱེད་བྱ་ཐུབ་རྒྱུའི་རེ་བ་འཆང་ཡོད་ཀྱང་ཕྱོགས་གཉིས་ཀྱི་འབྲེལ་གཏུག་ཁང་སྒོ་འབྱེད་དང་གྷེ་སང་བཟོ་ཚོང་ལྟེ་གནས་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ་གཉིས་ལ་འབྲེལ་བ་མེད་ཅེས་ཁྱབ་བསྒྲགས་བྱས་འདུག གྷེ་སང་བཟོ་ཚོང་ལྟེ་གནས་ནི་ལྷོ་ཀོ་རི་ཡའི་འབྱོར་ལྡན་པ་ཚོས་མ་རྩ་བཙུགས་པ་དང་བྱང་ཀོ་རི་ཡའི་ལས་མི་བཏང་ནས་ཕྱོགས་གཉིས་ཀྱི་མཉམ་འབྲེལ་བཟོ་གྲྭ་ཆེན་པོ་ཞིག་ཡིན་ཞིང་། ལོ་ཤས་གོང་དེར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པ་དང་ལྷོ་ཀོ་རི་ཡར་མེ་སྒྱོགས་ཀྱིས་རྒོལ་རྡུང་བྱས་ནས་ལྷོ་ཀོ་རི་ཡའི་གཞུང་གིས་གྷེ་སང་ས་གནས་ཀྱི་མཉམ་འབྲེལ་བཟོ་ཚོང་ལྟེ་གནས་སྒོ་བརྒྱབ་སྟེ་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཆད། ཨ་མི་རི་ཀ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་པ་ཕྱིར་འཐེན་མ་བྱས་བར་དུ་ལྷོ་ཀོ་རི་ཡའི་གཞུང་གིས་ལྷོ་བྱང་ཀོ་རི་ཡའི་མཉམ་འབྲེལ་བཟོ་ཚོང་ལྟེ་གནས་སྒོ་འབྱེད་མི་ཆོག་ཅིང་། ད་ལྟའི་ལྷོ་ཀོ་རི་ཡའི་གཞུང་འཛིན་དམངས་གཙོ་ཚོགས་པས་གྲོས་ཚོགས་ལ་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་མཉམ་འབྲེལ་བྱེད་ཕྱོགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་དགོས་པའི་རེ་བ་བཏོན་ཏེ། ཀོ་རི་ཡའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཧོང་ཡུང་ཕིའོ་ཡིས་ལྷོ་བྱང་ཀོ་རི་ཡའི་དཔལ་འབྱོར་མཉམ་འབྲེལ་གྱི་དམིགས་ཡུལ་ནི་རྨང་གཞིའི་འཛུགས་སྐྲུན་ཡར་རྒྱས་གཏོང་བའི་ཆེད་དུ་ཡིན་ཞེས་རྒྱལ་ཡོངས་གྲོས་ཚོགས་ལ་སྙན་སེང་ཞུས་འདུག དཔེར་ན་མེ་འཁོར་ལྕགས་ལམ་དང་རྒྱ་ལམ། རང་བྱུང་སོལ་རླངས་འདྲེན་པའི་ལྕགས་སྦུག་འཐེན་རྒྱུ་རྣམས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་གྲོས་མཐུན་བྱུང་ཡོད། ང་ཚོ་གྲོས་ཚོགས་ཀྱི་ཚོགས་ཆུང་འདིར་རྒྱལ་ཁབ་ཀྱི་དངུལ་རྩིས་དང་ལྷོ་བྱང་ཀོ་རི་ཡའི་དཔལ་འབྱོར་མཉམ་འབྲེལ་གྱི་བཅའ་ཁྲིམས་གཏན་འབེབས་བྱ་དགོས་པའི་གྲོས་གཞི་འདོན་ཆོག་པའི་ཐོབ་ཐང་ཡོད་ཅེས་བཤད་འདུག

XS
SM
MD
LG