ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༦/༡༥

ཨ་རི་དང་རྒྱ་ནག་གི་ཚོང་ལས་འཐབ་རྩོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཐོག་མར་ཨ་རིའི་གཞུང་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་རྣམ་གྲངས་༡༣༠༠་ཐམ་པར་སྒོ་ཁྲལ་སྤར་རྒྱུའི་གྲ་སྒྲིག་བྱས་ཀྱང་ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་རྣམ་གྲངས་༨༠༠་ནས་༩༠༠་ཡས་མས་ཤིག་ལ་སྒོ་ཁྲལ་སྤར་རྒྱུའི་ཐག་གཅོད་བྱུང་སྟེ། རྒྱ་ནག་གཞུང་གིས་འཕྲལ་དུ་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན། རྒྱ་ནག་གི་ཕྱིར་ཚོང་དངོས་ཟོག་གཅིག་པུར་སྒོ་ཁྲལ་སྤར་དུ་འཇུག་རྒྱུ་མིན་ཞེས་སྡིགས་ར་བསྐུལ་འདུག ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་ཚོང་ལས་ཆ་མཉམ་མེད་པར་སྒོ་ཁྲལ་སྤར་རེས་ཀྱི་འཐབ་འཁྲུག་ཅིག་ལངས་ཚེ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་དང་རྒྱ་ནག་གི་བཟོ་བ་ཚོར་གྱོང་གུད་མང་བ་འཕོག་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གིས་ཨ་མི་རི་ཀར་དངོས་ཟོག་མང་བ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ལས་ཨ་མི་རི་ཀའི་དངོས་ཟོག་རྒྱ་ནག་གིས་ནང་འདྲེན་མང་པོ་ཞིག་བྱེད་ཀྱི་མེད་པ་རེད། ཁ་སྔོན་ཕྱི་ཟླ་༣་པ་ནས་ཨ་མི་རི་ཀས་ཡུ་རོབ་རྒྱལ་ཁབ་ཁག་དང་མེཀ་སི་ཀོ ཁེ་ན་ཌ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་ཀྱི་ཧ་ཡང་དང་དྭངས་ལྕགས་ལ་སྒོ་ཁྲལ་སྤར་རྒྱུ་ཡིན། ཨ་མི་རི་ཀར་ཕྱི་རྒྱལ་གྱི་ཧ་ཡང་དང་དྭངས་ལྕགས་ཀྱི་ཐོན་སྐྱེད་ནང་འདྲེན་བྱ་རྒྱུ་མང་དྲགས་ནས་ཨ་མི་རི་ཀའི་ཧ་ཡང་དང་དྭངས་ལྕགས་བཟོ་གྲྭ་ཁག་སྒོ་རྒྱག་དགོས་ཐུག་གི་འདུག་ཅེས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱུ་མཚན་བགྲངས། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀ་ནས་དངོས་ཟོག་ནང་འདྲེན་བྱེད་ཀྱི་ཡོད་པར་སྒོ་ཁྲལ་སྤར་ནས་ལན་པ་སློག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། བདུན་ཕྲག་སྔོན་མར་ཁེ་ན་ཌར་ཚོགས་པའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་སྟོབས་ཆེན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ཨ་མི་རི་ཀ་དང་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཚོང་ལས་ཀྱི་འགལ་ཟླ་སེལ་ཐབས་ཤིག་རྙེད་མེད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་གྲོས་ཆོད་ཁག་ལ་མིང་རྟགས་མ་བཀོད། དེར་བརྟེན་༢༠༡༨་ལོའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཆེན་ལ་གྲུབ་འབྲས་ཅི་ཡང་མ་ཐོན་པར་མ་ཟད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཁེ་ན་ཌའི་སྲིད་བློན། ཧྥ་རན་སིའི་སྲིད་འཛིན་དང་འཇར་མན་ཎིའི་སྲིད་བློན་སོགས་ལ་རྩོད་པ་བྱུང་སྟེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་ཁག་གི་ཚོགས་ཁོངས་སུ་ཨུ་རུ་སུ་བསྐྱར་དུ་འཇུག་དགོས་ཞེས་ཨུ་ཚུགས་བརྒྱབ། ད་ལྟ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་རྣམ་གྲངས་༨༠༠་ནས་༩༠༠་ཡས་མས་ཤིག་ལ་སྒོ་ཁྲལ་སྤར་རྒྱུའི་ཐག་གཅོད་བྱུང་ཞིང་། འདི་ནི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་ཅ་ལག་རྫུན་བཟོ་བྱས་པ་དང་ཨ་མི་རི་ཀའི་རིག་དངོས་བདག་དབང་རྐུ་འཁྱེར་བྱས་པར་ཉེས་ཆད་གཅོད་པའི་ཆེད་དུ་ཡིན། དཔེར་ན་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རང་གི་ཚན་རིག་ལག་རྩལ་གྱི་གསང་བ་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་བསླབ་དགོས། ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁང་ཁག་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་མཉམ་འབྲེལ་བྱ་དགོས། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་བདག་པོ་ཕྱེད་ཀ་རྒྱ་ནག་གི་བཟོ་ཚོང་ལས་ཁག་ཡིན་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། རྒྱ་ནག་གི་འགོ་ཁྲིད་ཚོས་རང་གི་དངོས་ཟོག་ལ་ཨ་མི་རི་ཀས་སྒོ་ཁྲལ་སྤར་ན་པེ་ཅིང་དང་ཝ་ཤིང་ཊོན་གྱི་ཚོང་དོན་གྲོས་མོལ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། དཔེར་ན་དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲུང་གིས་ང་ཚོའི་ལངས་ཕྱོགས་ལ་འགྱུར་བ་མེད། ཨ་མི་རི་ཀས་རང་གི་ཁེ་ཕན་འབའ་ཞིག་ལ་སྲུང་སྐྱོབ་བྱས་ནས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་རྒྱ་ནག་གིས་ཀྱང་འཕྲལ་དུ་དགོས་ངེས་ཀྱི་ལན་པ་སློག་རྒྱུ་ཡིན། ང་ཚོས་རང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱ་དགོས་ཐུག་སྲིད་ཅེས་བཤད། འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་དང་པོ་དང་གཉིས་པ་གཉིས་ལ་ཚོང་ལས་ཀྱི་འཁྲུག་རྩོད་བྱུང་ན་འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་ཀ་ཡོད་མོད། ཡིན་ནའང་ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་དང་ཨ་མི་རི་ཀས་ཕན་ཚུན་སྒོ་ཁྲལ་སྤར་རེས་བྱ་རྒྱུ་ཐལ་དྲགས་མ་སོང་ན་འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་ལ་ཉེན་ཀ་ཆེན་པོ་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་ཨ་མི་རི་ཀ་ནས་དངོས་ཟོག་མང་ཙམ་ནང་འདྲེན་བྱ་རྒྱུ་དང་ཕྱོགས་གཉིས་ཀྱི་མཐོ་རིམ་ཚོང་དོན་མི་སྣ་ཁག་གིས་གྲོས་གྲོས་ལན་མང་བྱས་ཏེ་འགལ་ཟླ་སེལ་ཐབས་བྱས་རུང་། ད་སྔ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་ལས་ཆ་མཉམ་མེད་པའི་འགལ་ཟླ་སེལ་ཐུབ་མེད་པ་རེད།།

XS
SM
MD
LG