ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གི་ལི་ཐུ་ཝེ་ཎི་ཡའི་མཛད་འཕྲིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ལི་ཐུ་ཝེ་ཎི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་པ་ཚོར་རྒྱལ་ཁབ་དེའི་གཞུང་དམངས་གཉིས་ཀས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ངོས་ནས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་ཅིང་། ༧གོང་ས་མཆོག་གིས་ལི་ཐུ་ཝེ་ཎི་ཡའི་མི་དམངས་ལ་དེང་དུས་ཤེས་ཡོན་སློབ་གསོའི་ནང་དུ་མིའི་སེམས་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་ཐབས་ལམ་དང་རང་ལུགས་ཤིག་གསར་གཏོད་དགོས། མི་འབོར་ཉུང་བའི་ལི་ཐུ་ཝེ་ཎི་ཡའི་མི་དམངས་ཀྱིས་འཛམ་གླིང་ལ་ལེགས་སྐྱེས་འབུལ་དགོས་པའི་ལམ་སྟོན་གནང་འདུག

སྤྱི་ཟླ་༦་པའི་ཚེས་༡༤་ཉིན་༧གོང་ས་མཆོག་གིས་ཡུ་རོབ་ཀྱི་རྒྱ་ཁབ་ལི་ཐུ་ཝེ་ཎི་ཡར་ཉིན་གཉིས་པའི་མཛད་འཕྲིན་བསྐྱངས་པའི་ཁོངས་སུ་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་དམངས་ཁྲོད་ཀྱི་བོད་དོན་རྒྱབ་ཚོགས་པ་བཅས་ཀྱི་ཚོགས་མི་ཚོར་མཇལ་འཕྲད་གནང་བར་མ་ཟད། ༧གོང་ས་མཆོག་གིས་རྣམ་པ་ཚོས་ཐོག་མཐའ་བར་གསུམ་དུ་བོད་དོན་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་དང་བོད་དོན་ལ་ཐུགས་སྣང་གནང་བར་ངོས་ནས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བསྔགས་བརྗོད་གནང་འདུག ལི་ཐུ་ཝེ་ཎི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་པ་ཚོས་ཀྱང་རང་གི་རྒྱལ་ཁབ་འདི་རྒྱལ་སྤྱིའི་ཐོག་ཏུ་རང་བཙན་ཡིན་ཞེས་བསྒྲགས་གཏམ་སྤེལ་ནས་ལོ་བརྒྱ་ཐམ་པ་འཁོར་པའི་དུས་ཚིགས་ཁྱད་པར་ཅན་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལི་ཐུ་ཝེ་ཎི་ཡར་ཕེབས་ཐུབ་པར་སྤྲོ་སེམས་རབ་ཏུ་འཁོལ་ནས་དགའ་བསུ་ཡོད་ཅེས་བཤད་པ་དང་། མཛད་འཕྲིན་རིམ་པ་གཉིས་པ་ནི་ལི་ཐུ་ཝེ་ཎི་ཡའི་རྒྱལ་སའི་ཚོགས་ཁང་སྐད་གྲགས་ཅན་ཞིག་ཏུ་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་༧གོང་ས་མཆོག་ལ་ཕེབས་བསུ་ཞུས་ནས་རྒྱལ་ཁབ་དེའི་སྲིད་འཛིན་ཟུར་བ་ཞིག་གིས་༧གོང་ས་མཆོག་མང་ཚོགས་ལ་མཚམས་སྦྱོར་གྱི་གཏམ་བཤད་གནང་ཞིང་། དེའི་རྗེས་སུ་༧གོང་ས་མཆོག་གིས་མི་མང་སྟོང་ཕྲག་གསུམ་ཙམ་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་བརྗོད་གཞིའི་སྟེང་དུ་བཀའ་སློབ་གནང་བ་དང་གསར་འགོད་པའི་དྲི་བ་ཁག་ལའང་བཀའ་ལན་གནང་འདུག དྲི་བ་འདྲི་མཁན་ཞིག་གིས་དེང་དུས་ཀྱི་ཤེས་ཡོན་ཚད་མཐོ་བོ་སྦྱངས་ཟིན་ཡང་སེམས་ཀྱི་བདེ་སྐྱིད་ཡོང་བར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐོར་བཀའ་འདྲི་ཞུ་པས་༧གོང་ས་མཆོག་གིས་མི་འབོར་ས་ཡ་གསུམ་ལས་མེད་ཀྱང་ལི་ཐུ་ཝེ་ཎི་་ཡ་རྒྱལ་ཁབ་འདིའི་གཙུག་ལག་སློབ་གྲྭ་ཁག་མཉམ་འབྲེལ་གྱིས་ཉམས་ཞིབ་ཚོགས་ཆུང་ཞིག་བཙུགས་ཏེ་ཤེས་ཡོན་སློབ་གསོའི་ལམ་ལུགས་ལ་བསྐྱར་ཞིབ་དང་ནང་སེམས་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་ལམ་ལུགས་ཤིག་གསར་གཏོད་བྱ་དགོས། ནང་སེམས་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་སློབ་ཚན་ལག་ལེན་བསྟར་པ་ཡིན་ན་འཛམ་གླིང་ལ་ལེགས་སྐྱེས་ལེགས་པོ་ཞིག་འབུལ་ཐུབ་ཀྱི་རེད་ཅེས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། ཕྱི་ཚེས་༡༧་ཉིན་༧གོང་ས་མཆོག་སྟོན་འཁོར་རྣམས་ཡུ་རོབ་ལཱ་ཊི་ཝྭི་ཡར་ཆིབས་སྒྱུར་བསྐྱང་འཆར་ཡོད་པ་རེད།།

XS
SM
MD
LG