ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱི་ཐུག་འཕྲད་གྲོས་མོལ།


༄༅།།ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་འབྲེལ་བ་གསར་པ་ཞིག་འཛུགས་ཕྱོགས་བཅས་ལ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་འཁོད་པའི་གྲོས་མཐུན་ཞིག་ལ་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱིས་མིང་རྟགས་བཀོད་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཀྱང་གྲོས་མཐུན་དེར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པ་དང་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་བ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངེས་གཏན་ཐུབ་པ། བྱང་ཀོ་རི་ཡ་བསྐྱར་དུ་རྡུལ་ཕྲན་མཚོན་ཆ་བཟོ་ཕྱོགས་སུ་ནམ་ཡང་ཕྱིར་ལོག་བྱེད་མི་ཐུབ་པ་ཞིག་ཏུ་བསྒྱུར་དགོས་ཞེས་པའི་རྗོད་ཚིག་རྣམས་འཁོད་མེད་པ་རེད།

བྱང་ཀོ་རི་ཡར་མཚོན་ན་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་དུ་ཐུག་འཕྲད་གྲོས་མོལ་བྱས་པ་ཁོ་ན་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་སྟེ། ཀིམ་ཇུང་ཨུན་གྱི་ཕ་མེས་གཉིས་ཀས་མི་ཚེ་ཧྲིལ་བོར་བྱང་ཀོ་རི་ཡ་ཨ་མི་རི་ཀ་དང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ངོས་ལེན་བྱས་ནས་འདྲ་མཉམ་དུ་བརྩི་རྒྱུ། བྱང་ཀོ་རི་ཡར་འོས་ཤིང་འཚམས་པའི་ཆེ་མཐོང་ཞིག་འཐོབ་རྒྱུའི་རེ་སྨོན་བཅངས་པ་ཀིམ་ཇུང་ཨུན་གྱི་དུས་སུ་མངོན་དུ་གྱུར་པ་སྟེ། ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་མཉམ་དུ་ལངས་ནས་གསར་འགོད་པའི་མདུན་དུ་འདྲ་པར་བསྐྱོན་ཐུབ་པ་དང་ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམ་པས་འདྲ་མཉམ་གྱི་གནས་བབ་ཐོག་ཏུ་ཐུག་འཕྲད་གྲོས་མོལ་བྱས་ཐུབ་པ། ཨ་རིའི་རྒྱལ་དར་དང་བྱང་ཀོ་རི་ཡའི་རྒྱལ་དར་གཉིས་མཉམ་དུ་བསྒྲེངས་པ་ཁོ་ན་བྱང་ཀོ་རི་ཡའི་གཟི་བརྗིད་དང་བྱང་ཀོ་རི་ཡར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ། སིང་གུ་པུར་གྱི་ཐུག་འཕྲད་གྲོས་མོལ་འདི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ངོས་ནས་གྲུབ་འབྲས་ཆེན་པོ་ཞིག་ལ་བརྩི་ཆོག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གསར་འགོད་ལྷན་ཚོགས་སུ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་རྒྱུ་ཡིན། མཉམ་འབྲེལ་དམག་སྦྱོང་དེར་འགྲོ་གྲོན་ཆེན་པོ་དང་བྱང་ཀོ་རི་ཡར་འཁྲུག་རྩོད་སློང་སྤྱད་ཅིག་རེད་ཅེས་གླེང་སློང་བྱས་ཏེ། ད་སྔ་ཕན་ཆད་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་སྲིད་གཞུང་རིམ་པ་ཞིག་གིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་བྱང་ཀོ་རི་ཡའི་བཙན་དྲག་འགོག་པའི་ཆེད་དུ་ཡིན་ཞེས་འགྲེལ་བཤད་རྒྱག་སྲོལ་ཡོད་པ་དེར་རྒྱབ་འགལ་བྱས་ཡོད་ཅིང་། ད་ལྟ་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད་པའི་སྐད་ཆ་དེའི་གོ་དོན་ངོ་མ་ཅི་ཞིག་ཡིན་ནམ་ཞེས་དོགས་འདྲི་བྱས་ཡོད་པ་དེ་ལ་བལྟས་ཚེ། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་གྲོས་བསྡུར་མ་བྱས་པར་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་དམག་སྦྱོང་མཚམས་འཇོག་བྱ་རྒྱུའི་ཐག་བཅོད་བྱས་པ་མཚོན་ཐུབ། མདོར་ན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་སྐབས་སུ་བྱང་ཀོ་རི་ཡ་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱིས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་ཞེས་ཨ་མི་རི་ཀའི་དམག་རྣམས་ལྷོ་ཀོ་རི་ཡ་ནས་ཕྱིར་འཐེན་བྱ་དགོས་པའི་ལངས་ཕྱོགས་བཟུང་བར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁས་ལེན་བྱས་པའི་རྣམ་པ་ཞིག་འཐོན་འདུག

XS
SM
MD
LG