ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་ལས་དོན་ཁང་རྒྱ་སྐྱེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་ལས་དོན་ཁང་རྒྱ་སྐྱེད་བྱ་རྒྱུའི་ལས་འཆར་འདིར་ཨ་སྒོར་དུང་ཕྱུར་༢་དང་བྱེ་བ་༥་ཙམ་འགྲོ་གྲོན་གཏོང་འཆར་ཡོད་པ་དང་ལས་འཆར་འདི་མི་རིང་བར་མགོ་བརྩམ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ལས་དོན་ཁང་འདིར་སྤྱིར་བཏང་གི་མིང་ཞིག་བཏགས་ཀྱང་དོན་དངོས་སུ་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཡིན་པས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་ལ་འཛིན་པའི་ལས་དོན་ཆེ་ཕྲ་ཅི་ཞིག་ཡིན་རུང་རྒྱལ་ཁབ་གཞན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁག་དང་གཅིག་མཚུངས་སུ་བཀོད་སྒྲིག་བྱེད་ཀྱི་ཡོད་པ་རེད། གསར་དུ་འཛུགས་སྐྲུན་བྱ་འཆར་ཡོད་པའི་ཨ་རིའི་ལས་དོན་ཁང་གི་ལས་ཁུངས་འདིར་སློབ་གྲྭ་ཆེན་མོའི་ཞིབ་འཇུག་ཁང་ཞིག་གི་རྣམ་པའི་ཐོག་ཏུ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་མཐའ་འཁོར་དུ་བདེ་འཇགས་སྲུང་སྐྱོབ་ཀྱི་རྩིག་གྱང་སོགས་ཀྱང་འཐུས་ཚང་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་ཅེས་བརྗོད་འདུག ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ལས་དོན་ཁག་འདི་༡༩༧༩་ལོར་སྒོ་ཕྱེ། ༡༩༨༠་ལོར་ལས་དོན་ཁང་འདིར་ལས་བྱེད་པ་༥༥་ཡོད། ༡༩༩༠་ལོར་ལས་དོན་ཁང་འདིའི་ལས་བྱེད་པའི་གྲས་སུ་ཨ་རི་རང་གི་ལས་བྱེད་པ་༡༠༠་ལྷག་འདུས། ཐེ་ཝན་གྱི་མི་མང་གི་གྲས་ནས་བསྡུས་པའི་ལས་མི་༣༠༠་ལྷག་ཡོད། ད་ལྟ་ཁྱོན་བསྡོམས་ཐེ་ཝན་དུ་བཅའ་སྡོད་ཨ་མི་རི་ཀའི་ལས་དོན་ཁང་ལ་ལས་བྱེད་པ་༤༥༠་ལྷག་ཡོད་པའི་ཕྱི་འབྲེལ་ལས་དོན་ཁང་ཆེ་གྲས་སུ་གྱུར། ཨ་མི་རི་ཀས་རྒྱ་ཁྱོན་དབྱིན་མུའུ་༡༦་ཡོད་པའི་ཐེ་ཝན་དུ་བཅའ་སྡོད་ལས་དོན་ཁང་འདི་འཛུགས་སྐྲུན་བྱས་པ་ཡིན་ན་མ་འོངས་བར་ཨ་རི་དང་ཐེ་ཝན་གྱི་ཕྱི་འབྲེལ་ཐད་དུ་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་པར་སྣང་། ད་སྔ་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ལས་དོན་ཁང་གི་ལས་བྱེད་རྣམས་ལས་ཁུངས་མང་པོ་ཞིག་ལ་ཁ་བཀྲམ་ནས་ཡོད་ཅིང་། ཨ་རིའི་ལས་དོན་ཁང་གཙོ་བོ་ནི་༡༩༥༠་ནང་དུ་འཛུགས་སྐྲུན་བྱས་པའི་དམག་ཁང་རྙིང་པ་ཞིག་ཡིན་པར་བརྗོད་འདུག ༡༩༧༩་ལོར་ཨ་རི་དང་རྒྱ་ནག་སྐམ་ས་ཆེན་མོས་ཕྱི་འབྲེལ་བཙུགས་ནས་བཟུང་སྟེ་ཐེ་ཝན་དང་ཨ་རི་གཉིས་ཀྱིས་གཞུང་འབྲེལ་བཅད་ནས་ཕྱོགས་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཁག་ཀྱང་ཕན་ཚུན་འགྲོ་འོང་གི་འབྲེལ་བ་ཆད། སྔ་ལོ་ཨ་རིར་སྲིད་འཛིན་གསར་པ་ཞིག་འོས་འདེམས་བྱུང་བའི་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གཉིས་ཀྱིས་ཆུ་ཚོད་གཅིག་ལྷག་གི་རིང་ལ་ཁ་པར་ནང་དུ་བཀའ་མོལ་གནང་བར་མ་ཟད། ད་ལོ་ཨ་རིས་ཐེ་ཝན་ལ་འགྲོ་སྐྱོད་ཆོག་པའི་བཅའ་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་ནས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཁག་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ལ་འགྲོ་སྐྱོད་བྱ་ཆོག་པ་བྱུང་ཞིང་། ད་ལྟ་ཨ་རི་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་ཕྱིན་པའི་དུས་སྐབས་ཤིག་ལ་ཁེལ་བས་ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ལས་དོན་ཁང་རྒྱ་སྐྱེད་བྱེད་བཞིན་ཡོད་ཅིང་། ཉམས་ཞིབ་པ་ཚོས་མ་འོངས་བར་ཐེ་ཝན་གཞུང་གིས་རང་བཙན་གསལ་བསྒྲགས་བྱས་ན་ཐེ་ཝན་དུ་བཅའ་སྡོད་ལས་དོན་ཁང་གི་མིང་འདི་ཨ་རིའི་གཞུང་ཚབ་ཁང་ལ་བསྒྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། ཡིན་ནའང་རྒྱ་ནག་གིས་ད་ལྟའི་བར་དུ་ཐེ་ཝན་གྱིས་རང་བཙན་ཡིན་པའི་ཁྱབ་བསྒྲགས་བྱས་ན་ཐེ་ཝན་ལ་དམག་འཁྲུག་རྒྱག་རྒྱུ་ཡིན་ཞེས་ཉེན་བརྡ་གཏོང་རྒྱུ་མཚམས་ཆད་མྱོང་མེད། ད་ལྟ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་༡༨་ཡོད་པ་དེ་དག་ལ་རྒྱ་ནག་གིས་དཔལ་འབྱོར་རོགས་རམ་དང་གནོན་ཤུགས་བརྒྱུད་ནས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་འཇུག་གི་ཡོད་པས། ཉེ་ཆར་ཟླ་བ་རེ་ཟུང་གི་ནང་དུ་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་སྐམ་ས་ཆེན་མོར་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་གཉིས་བྱུང་བ་དང་། ཐེ་ཝན་ལ་འབྲེལ་བ་ཚུགས་ཡོད་པའི་རྒྱལ་ཁབ་ཁག་གིས་རྟག་ཏུ་རྒྱ་ནག་ལ་འཛེམ་ཟོན་ཆེན་པོ་བྱེད་བཞིན་པ་རེད།།

XS
SM
MD
LG